བོད་དོན་གློག་བརྙན་ཞིག་གི་འགྲེལ་བརྗོད་གནང་མཁན་ཞིག་གི་སྐོར།

ཨོསོ་ཀྲོ་ལི་ཡའི་གློག་བརྙན་འཁྲབ་སྟོན་གནང་མཁན་ཞིག་གིས་བོད་དོན་ཆེད་གློག་བརྙན་ཞིག་འགྲེལ་བརྗོད་གནང་རྒྱུ་ཁས་ལེན་གནང་ཡོད་པ་རེད་

༄༅༎ཨོསོ་ཀྲོ་ལི་ཡའི་གློག་བརྙན་འཁྲབ་སྟོན་གནང་མཁན་ཀེ་རི་ཨཱམ་སི་ཀྲོང་ཡིས་བོད་དོན་ཆེད་གློག་བརྙན་ བོད་རང་དབང་ཆེད་ངུ་འབོད་ཅེས་པ་དེའི་འགྲེལ་བརྗོད་གནང་མཁན་གྱི་ཕྱག་ལས་གནང་རྒྱུ་ཁས་ལེན་གནང་ཡོད་པ་རེད་

ཀེ་རི་ཨཱམ་སི་ཀྲོང་ཡིས་གློག་བརྙན་དེར་གསོལ་ཕོག་མེད་པར་ལས་རྒྱུ་དེ་དངུལ་ལས་གནད་དོན་དེ་གལ་ཆེ་བ་གཟིགས་སྐོར་གསུང་འདུག ཁོང་གིས་ང་ཚོས་ཉིན་ལྟར་ཡིན་ཤག་བྱེད་པའི་རང་དབང་དེ་བོད་མི་ཚོར་མེད་པ་ཆགས་པ་དེ་ངོས་ལེན་དང་གོ་དོན་ལེན་ནས་དེར་གང་ཐུབ་བྱེད་རྒྱུ་དེ་གལ་ཆེན་པོ་རེད་ཅེས་གསུང་འདུག གློག་བརྙན་བཀོད་སྒྲིག་གནང་མཁན་ལཱ་ར་ཌེ་མི་ཡ་ཎི་ཡི་གློག་བརྙན་དེ་མར་ཞེ་དྲག་བཤད་པ་དེ་འདྲ་དང་གཞན་ལ་སྐྱོན་བརྗོད་བྱེད་པ་ཙམ་ཞིག་མ་ཡིན་པར་དོན་དག་ཐོག་ཕན་པ་ཞིག་འདུག་ཅེས་གསུང་འདུག བོད་རང་དབང་ཆེད་ངུ་འབོད་ཅེས་པའི་གློག་བརྙན་དེ་བོད་རང་དབང་འཐབ་རྩོད་ཀྱི་ལས་འགུལ་སྐོར་གོ་རྟོགས་སྤེལ་གནང་རྒྱུའི་ཆེད་བཟོས་གནང་བ་ཞིག་དང་དེའི་ནང་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཙོས་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་དང་བོད་རང་བཙན་འཐབ་རྩོད་གནང་མཁན་ལྷ་བཟང་ཚེ་རིང་ལགས་དང་བསྟན་འཛིན་བརྩོན་འགྲུས་ལགས་སོགས་ལ་གནས་འདྲི་ཞུས་པའི་གློག་བརྙན་ཞིག་ཡིན་པ་རེད་ གློག་བརྙན་དེར་འཛམ་གླིང་གི་རྒྱང་སྲིང་ལས་དོན་གཉེར་མཁན་ལས་ཁང་ཁག་གིས་དོ་སྣང་ཤུགས་ཆེ་གནང་གི་ཡོད་པ་དང་གློག་བརྙན་བཀོད་སྒྲིག་གནང་མཁན་ཌེ་མི་ཡ་ཎི་ཡིས་ཁོ་མོའི་གློག་བརྙན་དེ་པེ་ཅིང་གི་ཨོ་ལིམ་ཕིག་རྩེད་འགྲན་གོང་སྟོན་གནང་ཐུབ་པའི་རེ་བ་གནང་གི་ཡོད་པ་རེད་

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org