ཨོསི་ཊརེ་ལི་ཡའི་སྲིད་བློན་རྒྱ་ནག་ཏུ་ཕེབས་སྐབས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་དགོས་པའི་དགོས་འདུན་བཏོན་འདུག
རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་དེ་བཞིན་དོན་ཕན་ལྡན་པ་ཞིག་བསྐྱར་གསོ་ཡོང་རྒྱུ་ཁག་པོ་ཡིན་པ་འགྲེལ་བརྗོད་གནང་བྱུང་།
- 2023-11-04
-
-
-
Your browser doesn’t support HTML5 audio
ཕྱི་ལོ་ ༢༠༢༣ ཟླ་བ་ ༡༡ ཚེས་ ༤ ཉིན་ཨོསི་ཊརེ་ལི་ཡའི་སྲིད་བློན་སྐུ་ཞབས་Anthony Albaneseརྒྱ་ནག་ཏུ་རྒྱལ་དོན་འཚམས་སུ་ཕེབས་ཡོད་པ་དང་བསྟུན། ཁོང་གིས། སྲིད་འཛིན་ཞི་ཅིན་ཕིང་ལྷན་དུ་མཇལ་འཕྲད་གནང་རྒྱུ་ཙམ་ཟད། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་དེ་བཞིན་བཟང་ཕྱོགས་ཀྱི་ལམ་བུ་ཞིག་ཏུ་བསྒྱུར་ཐུབ་པའི་རེ་བ་གནང་གི་ཡོད་པ་བརྗོད་འདུག
འོན་ཀྱང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་ཨོསི་ཊརེ་ལི་ཡའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་འབུམ་རམས་པ་Zoe Betfordལགས་ཀྱིས། ང་ཚོའི་ལས་འགུལ་ཁང་གི་ངོས་ནས་ཨོསི་ཊརེ་ལི་ཡའི་སྲིད་བློན་ལ་རྒྱ་ནག་ལྷན་དུ་འབྲེལ་བ་བསྐྱར་གསོ་མ་བྱས་སྔོན་དུ་རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་ཡར་རྒྱས་གཏོང་དགོས་པ་དྲན་སྐུལ་ཞུས་ཡོད་ལ། ཁ་སྔོན་ཨོསི་ཊརེ་ལི་ཡའི་མང་ཚོགས་ཁྲོད་དཔྱད་ཞིབ་བྱས་པའི་རྗེས་འབྲས་སུ། ཨོསི་ཊརེ་ལི་ཡའི་མི་མང་གསུམ་ཆ་གཉིས་ཀྱིས་རྒྱ་ནག་ལྷན་དུ་འབྲེལ་བ་བྱེད་པའི་སྐབས། ཚོང་འབྲེལ་ལས་ལྷག་པ་འགྲོ་བ་མིའི་ཐོབ་ཐང་དེ་གལ་འགངས་ཆེ་བར་ངོས་འཛིན་གནང་གི་ཡོད་པ་གསལ་སྟོན་བྱེད་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།
ཁ་སྔོན་ཕྱི་ཟླ་ ༨ པའི་ནང་ཨོསི་ཊརེ་ལི་ཡའི་ནང་རྟེན་གཞི་བྱས་པའི་The Essentialཉམས་ཞིབ་ལྟེ་གནས་ཁང་གིས། ཨོསི་ཊརེ་ལི་ཡ་དང་རྒྱ་ནག་གཉིས་ཀྱི་ཚོང་འབྲེལ་བསྐྱར་གསོ་དང་འགྲོ་བ་མིའི་ཐོབ་ཐང་གི་གལ་གནད་སོགས་དང་འབྲེལ་བའི་དཔྱད་ཞིབ་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་། ཨོསི་ཊརེ་ལི་ཡའི་མི་མང་ ༡༡༥༡ ལ་འདྲི་རྩད་བྱས་པ་བརྒྱུད། མི་མང་བརྒྱ་ཆ་ ༦༦ གིས། རྒྱལ་ཁབ་གཉིས་ཀྱི་ཚོང་འབྲེལ་ལས། བོད་ནང་དུ་རྡོག་རོལ་གཏོང་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གཏང་རྒྱུ་ནི་གལ་འགངས་ཆེ་བར་ངོས་འཛིན་བྱས་འདུག
ཨོསི་ཊརེ་ལི་ཡ་དང་རྒྱ་ནག་གཉིས་ཀྱི་དབར་ཐོག་མར་ཕྱི་ལོ་ ༡༩༧༢ ལོར་ཕྱི་འབྲེལ་འགོ་འཛུགས་གནང་སྟེ། ད་བར་ཚོང་ལས་དང་དཔལ་འབྱོར་གྱི་ཐོག་འབྲེལ་བ་ཇེ་སྡུག་ཏུ་སོང་ཡོད་པ་མ་ཟད། ཆབ་སྲིད་ཀྱི་ཐོག་ནས་ཀྱང་ཨོསི་ཊརེ་ལི་ཡས་རྒྱ་ནག་ལ་ལྟ་སྟངས་ཐད་འགྱུར་བ་ཆེན་པོ་འགྲོ་བཞིན་ཡོད་པའི་དུས་སྐབས་ཤིག་ཀྱང་ཡིན་པ་རེད། ད་རེས་ཨོསི་ཊརེ་ལི་ཡའི་སྲོད་བློན་སྐུ་ཞབས་Anthony Albaneseརྒྱ་ནག་ལ་ཕེབས་པ་དེ་ནི། ཕྱི་ལོ་ ༢༠༡༦ ལོ་ནས་བཟུང་རྒྱ་ནག་ཏུ་ཨོསི་ཊརེ་ལི་ཡའི་ཆེས་མཐོའི་དཔོན་རིགས་ཤིག་རྒྱལ་དོན་འཚམས་སུ་ཕེབས་པ་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་པ་རེད།
ཡང་Sydneyགཙུག་ལག་སློབ་ཆེན་གྱི་སློབ་དཔོན་དང་རྒྱ་རིགས་མང་གཙོ་དོན་གཉེར་བ་འབུམ་རམས་པ་Chin Jinལགས་ནི། རྒྱ་ནག་མང་གཙོའི་རྒྱལ་ཁབ་བསྒྱུར་རྒྱུའི་མཐུན་ཚོགས་ཏེ། Federation For A Democratic Chinaཞེས་པའི་ཚོགས་པའི་ཚོགས་གཙོ་ཡང་ཡིན་པ་དང་། ཁོང་གིས། གོང་ཞུས་གནད་དོན་དང་འབྲེལ་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། དེ་སྔོན་ཨོསི་ཊརེ་ལི་ཡའི་སྲིད་བློན་ཟུར་པ་Malcolm Turnbullལགས་ཀྱི་ལས་ཡུན་རྫོགས་པའི་རྗེས་སུ་ཨོསི་ཊརེ་ལི་ཡ་དང་རྒྱ་ནག་གཉིས་ཀྱི་ཚོང་འབྲེལ་དེ་བཞིན་ཇེ་སྡུག་ཏུ་སོང་ཡོད། དེ་ནས་བཟུང་ཨོསི་ཊརེ་ལི་ཡས་རྒྱ་ནག་གི་བཙན་བཤེད་ལ་ཕར་རྒོལ་བྱེད་འགོ་བཙུགས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༩ ལོར་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་བའི་སྐབས་སུ་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་དེ་ཡང་ཇེ་སྡུག་ཏུ་ཕྱིན་ཡོད། ད་རེས་སྲིད་བློན་Anthony Albaneseརྒྱ་ནག་ཏུ་ཕྱིན་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་དེ་བཞིན་དོན་ཕན་ལྡན་པ་ཞིག་བསྐྱར་གསོ་ཡོང་རྒྱུ་ཁག་པོ་རེད་ལ། ཁོང་གིས། ཨོསི་ཊརེ་ལི་ཡའི་གཞི་རྩའི་ལངས་ཕྱོགས་གཙོ་དོན་གནང་དགོས་གལ་ཆེ་ཞེས་འགྲེལ་བརྗོད་གནང་བྱུང་།
ཡང་དེ་དང་ཕྱོགས་མཚུངས་ཨོསི་ཊརེ་ལི་ཡའི་བོད་མི་མང་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས། ཨོསི་ཊརེ་ལི་ཡའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཚུད་པའི་ཁུལ་དེའི་བོད་མིའི་ཚོགས་སྡེ་ཁག་ནས་ཨོསི་ཊརེ་ལི་ཡའི་ཕྱི་སྲིད་ལས་ཁུངས་དང་སྲིད་བློན་སོགས་ལ་རྒྱ་ནག་གི་དཔོན་རིགས་ལྷན་དུ་བོད་དོན་གླེང་སློང་དགོས་པའི་ཞུ་གཏུག་ལས་འགུལ་སྤེལ་ཡོད་པ་བཞིན། ད་རེས་གླེང་སློང་གནང་བའི་རེ་བ་བྱེད་ཀྱི་ཡོད་པ་གསུངས་བྱུང་།
གཞན་ཡང་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ཕྱི་ཚེས་ ༦ རེས་གཟའ་ཟླ་བའི་ཉིན་རྒྱ་ནག་པེ་ཅིན་ཏུ་ཨོསི་ཊརེ་ལི་ཡའི་སྲིད་བློན་གྱིས། སྲིད་འཛིན་ཞི་ཅིན་ཕིང་ལྷན་དུ་མཇལ་འཕྲད་གནང་སྟེ། ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་གྱི་རྩོད་རྙོག་ཐོག་གོ་བསྡུར་གནང་རྒྱུ་ཡིན་པ་སྲིད་བློན་Anthonyལགས་ཀྱིས་བརྗོད་འདུག་པ་དང་། ཁོང་གི་རྒྱ་ནག་ནང་དུ་རྒྱལ་དོན་འཚམས་གཟིགས་དེ་ཕྱི་ཚེས་༤ ནས་༧ བར་ཉིན་གྲངས་བཞི་རིང་ཡིན་འདུག
ཡང་ཨོསི་ཊརེ་ལི་ཡའི་ཕྱི་སྲིད་བློན་ཆེན་Penny Wongཡང་སྲིད་བློན་དང་ལྷན་དུ་པེ་ཅིན་དུ་ལྷན་བཅར་ཞུ་རྒྱུ་ཡིན་འདུག་པ་མ་ཟད། འདི་གའི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱིས། ཁ་སྔོན་ཨོསི་ཊརེ་ལི་ཡའི་ཕྱི་སྲིད་ལས་ཁུངས་སུ་སྲིད་བློན་རྒྱ་ནག་ཏུ་ཕེབས་པའི་སྐབས་བོད་དོན་གླེང་སློང་གནང་གི་ཡོད་མེད་ཐད་བཀའ་འདྲི་ཞུ་ཐབས་བྱས་ཀྱང་ཡ་ལན་གང་ཡང་གནང་མ་སོང་།
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།