ཨོ་ལེ་ཀྲེ་ལི་ཡའི་སྲིད་བློན་ལ་འབོད་སྐུལ།

ཨོ་སེ་ཀྲེ་ལི་ཡའི་སྲིད་བློན་ལ་༧གོང་ས་མཆོག་སྐྱེ་རྒུ་མདོའི་ནང་ཆིབས་བསྒྱུར་གནང་རྒྱུར་རྒྱ་ནག་གཞུང་ལ་ཞུ་སྐུལ་གནང་དགོས་པའི་འབོད་སྐུལ།

༄༅༎ཨོ་སེ་ཀྲེ་ལི་ཡའི་སྲིད་བློན་མཆོག་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐྱེ་རྒུ་མདོའི་ནང་ཆིབས་བསྒྱུར་གནང་རྒྱུར་རྒྱ་ནག་གཞུང་ལ་ཞུ་སྐུལ་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག

ཕ་ཡུལ་དྲ་གནས་ནང་ལུང་འདྲེན་བྱས་་པར་ལྟར་ན། ཨོ་སེ་ཀྲེ་ལི་ཡའི་བོད་དོན་ལྷན་ཚོགས་ནས་སྲིད་བློན་མཆོག་ལ་ཞུ་སྙན་ཞིག་ཕུལ་བའི་སྐོར་སྤྱི་བསྒྲགས་ཤིག་སྤེལ་ཡོད་པའི་་ནང་།  ཉེ་ཆར་ས་ཡོམ་གྱི་གོད་ཆག་ཕོག་ཡུལ་སྐྱེ་རྒུ་མདོའི་མི་མང་ཚོས་རེ་འདུན་བཏོན་པ་ལྟར། བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཁུལ་དེར་ཐུགས་གསོའི་འཚམས་འདྲི་གནང་བར་ཆིབས་བསྒྱུར་གནང་ཐུབ་ཐབས་སུ་ཨོ་སེ་ཀྲེ་ལི་ཡའི་སྲིད་བློན་མཆོག་ནས་རྒྱ་ནག་གཞུང་ལ་བརྒྱུད་སྐུལ་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག གོང་ཞུས་ཞུ་སྙན་དེའི་ཐོག་ས་རྟགས་བཀོད་མཁན་ཨོ་སེ་ཀྲེ་ལི་ཡའི་ལྗང་ཁུ་ཚོགས་པའི་འཐུས་མི་ཁག་ཅིག་གི་གཙོས་ཆབ་སྲིད་ཚོགས་པ་འདྲ་མིན་གྱི་འཐུས་མི་དང་། དེ་བཞིན་བོད་དོན་ཚོགས་པའི་ཚོགས་མི། ཨོ་སེ་ཀྲེ་ལི་ཡའི་ནང་གནས་སྡོད་བོད་མི་ཚོ་བཅས་ཡོད་འདུག་ལ་ཨོ་སེ་ཀྲེ་ལི་ཡའི་ནང་བོད་མི་མང་པོ་ཞིག་གནས་སྡོད་བྱེད་ཀྱི་ཡོད་པའི་ཆ་ནས་ཨོ་སེ་ཀྲེ་ལི་ཡའི་གཞུང་ནས་ཀྱང་དེ་ཚོའི་ཐོག་ཐུགས་འཁུར་གནང་དགོས་ལུགས་ཞུས་ཡོད་པ་རེད།

དེ་དང་ཕྱོགས་མཚུངས་སྤྱི་བསྒྲགས་དེའི་ནང་། ས་ཡོམ་གྱི་གོད་ཆག་ཕོག་ཡུལ་གྱི་ས་གནས་དེའི་ནང་གནས་སྡོད་བྱེད་མཁན་བརྒྱ་ཆ་དགུ་བཅུ་ཙམ་བོད་མི་ཡིན་པ་དང་། ཁུལ་དེར་མྱུར་སྐྱོབ་དང་། འཛུགས་སྐྲུན་སླར་གསོའི་ལས་གཞི་ཁག་ལ་མཐུན་འགྱུར་རོགས་རམ་མྱུར་པོའི་ཐོག་ནས་གནང་དགོས་པའི་སྐོར་ཡང་འབོད་སྐུལ་ཞུས་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org