པོ་ཤི་ལའེ་གནས་དབྱུངས་བཏང་བ་དེར་སྐྱོན་བརྗོད་སྙན་ཞུ།
རྒྱ་ནག་དམར་ཤོག་ཚོགས་པས་ཉེ་ལམ་གནས་དབྱུངས་བཏང་བའི་འགོ་ཁྲིད་པོ་ཤི་ལའེ་ཡི་རྒྱབ་སྐྱོར་བ་ཚོས་པོ་ཤི་ལའེ་གནས་དབྱུངས་བཏང་བ་དེར་སྐྱོན་བརྗོད་སྙན་ཞུ་ཞིག་རྒྱ་ནག་མི་མང་འཐུས་མིའི་ཚོགས་ཆེན་ལ་ཕུལ་འདུག
-
2012-10-23 -
-
-
དེ་ཡང་གནས་ཚུལ་ལྟར་པོ་ཤི་ལའེ་ནི། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཡུ་ཡོན་ཟུར་པ་ཡིན་པ་རེད། པོ་ཤི་ལའེ་ཡི་རྒྱབ་སྐྱོར་བ་ཚོས་རྒྱ་ནག་མི་མང་འཐུས་མིའི་ཚོགས་ཆེན་ལ་ཡོངས་གྲགས་སྙན་ཞུ་ཕུལ་བ་དེའི་ནང་འཁོད་པར་གཞིགས་ན། རྒྱ་ནག་མི་མང་འཐུས་མིའི་ཚོགས་ཆེན་གྱིས་པོ་ཤི་ལའེ་གནས་དབྱུང་མི་གཏོང་བའི་ནན་སྐུལ་གནང་ཡོད་ཅིང་། གལ་ཏེ་གནས་དབྱུངས་བཏང་བ་ཡིན་ན། རྒྱ་ནག་མི་མང་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་ཚོར་ཡོད་པའི་ཡུལ་ཁྲིམས་ཟོལ་ཡང་ཀྱི་ཐོབ་ཐང་ཤོར་གྱི་ཡོད་པས། པོ་ཤི་ལའེ་ལ་བཙུགས་པའི་ནག་ཉེས་དག་ཐེར་ཞུ་འབོད་བྱ་རྒྱུའི་གོ་སྐབས་མ་བྱུང་བར་རྒྱ་ནག་མི་མང་འཐུས་མིའི་ཚོགས་ཆེན་ནས་གནས་དབྱུངས་གཏོང་ཐལ་མི་ཡོང་བའི་ཡོངས་གྲགས་འབོད་སྐུལ་སྙན་ཞུ་ཕུལ་ཡོད་པ་རེད། རྒྱ་ནག་མི་མང་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ལྷན་ཚོགས་རེས་གཟའ་ལྷག་པ་ནས་འགོ་ཚུགས་ཀྱིས་ཉིན་གསུམ་རིང་ལྷན་ཚོགས་གནང་གཏན་འཁེལ་ཡོད་པ་དང་། ལྷན་ཚོགས་དེ་ཐོག་ནས་པོ་ཤི་ལའེ་རྒྱ་ནག་མི་མང་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་ནས་གནས་དབྱུངས་གཏོང་བའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད། པོ་ཤི་ལའེ་ཡི་རྒྱབ་སྐྱོར་བ་ཚོས་པོ་ཤི་ལའེ་ལ་རྒྱབ་སྐྱོར་བའི་ས་རྟགས་བསྡུ་རུབ་བྱས་པ་མ་ཟད། པོ་ཤི་ལའེ་ཡི་ཕྱོགས་གཏོགས་མིན་པའི་རྒྱ་རིགས་ཚོའི་ས་རྟགས་བཅས་ཁྱོན་ས་རྟགས་བརྒྱ་ཕྲག་མང་པོ་བསྡུ་རུབ་བྱས་ཡོད་པ་རེད། གང་ལྟར་ས་རྟགས་འགོད་མཁན་ཚོས་རེ་འདུན་ནི། རྒྱ་ནག་གི་འགོ་ཁྲིད་ཚོས་ཁྲིམས་ཀྱི་དབང་བསྒྱུར་ལ་བརྩི་བཀུར་དགོས་པའི་དགོས་འདུན་བཏོན་གྱི་ཡོད་པ་རེད།