བྱམས་པ་རིག་འཛིན་ལགས་ཨ་རིའི་དབྱུག་རིལ་རྩེད་འགྲན་པར་བདམས་པ།
བོད་རིགས་ན་གཞོན་བྱམས་པ་རིག་འཛིན་ལགས་ཨ་རིའི་དབྱུག་རིལ་རྩེད་འགྲན་པའི་ཨུ་སུག་དམར་པོའི་རུ་ཁག་ཁྲོད་ཚུད་ནས་གན་རྒྱ་བཞག་འདུག
-
2017-09-21 -
-
-
བོད་རིགས་ན་གཞོན་བྱམས་པ་རིག་འཛིན་ལགས་ཨ་རིའི་དབྱུག་རིལ་རྩེད་འགྲན་པའི་ཨུ་སུག་དམར་པོའི་རུ་ཁག་ཁྲོད་ཚུད་ནས་གན་རྒྱ་བཞག་འདུག
ཨ་རིའི་ནང་གྲགས་ཆེ་བའི་ཨུ་སུག་དམར་པོ་ (Red Sox)་རྟགས་ཅན་ཞེས་(Boston)་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་(Baseball)་འམ་དབྱུག་རིལ་སྤོ་ལོའི་རྩེད་འགྲན་རུ་ཁག་ནས་བོད་ཀྱི་རྒྱལ་ས་ལྷ་ས་ནས་ཡིན་པའི་བོད་རིགས་ན་གཞོན་དབྱུག་རིལ་རྩེད་འགྲན་པ་བྱམས་པ་རིག་འཛིན་འམ་དབྱིན་སྐད་མིང་(Justin)་ཞུ་བ་དེ་ (Red Sox)་རུ་ཁག་ནང་འདེམས་བསྒྲུགས་ཀྱིས་གན་རྒྱ་བཞག་སྟེ་ལོ་རྒྱུས་ཐོག་ཨ་རིའི་(Baseball)་དབྱུག་རིལ་སྤོ་ལོའི་རྩེད་མོའི་རུ་ཁག་ནང་བོད་རིགས་ཤིག་ཚུད་པ་ཐོག་མ་དེ་ཆགས་ཡོད་འདུག
གནས་ཚུལ་ནང་གསལ་ལྟར་ན། ལོ་ན་༡༦་ཅན་གྱི་བོད་རིགས་དབྱུག་རིལ་རྩེད་མོ་བ་བྱམས་པ་རིག་འཛིན་ཞུ་བ་དེ། བོད་རང་སྐྱོང་ལྗོངས་ནང་སྐྱེས་ཞིང་། ལོ་ན་དྲུག་ནས་(Baseball)་ དབྱུག་རིལ་རྩེས་མོར་སྦྱོང་བརྡར་འགོ་འཛུགས་བྱས་པ་དང་། ༢༠༡༡་ལོར་རྒྱ་ནག་ནང་རྒྱལ་ཡོངས་ལོ་ཆུང་དབྱུག་རིལ་རྩེད་འགྲན་རུ་ཁག་གི་འགྲན་རྩོད་ནང་། ཁོང་གི་རུ་ཁག་ལ་རྒྱལ་ཁ་ཐོབ་ཡོད་པ་མ་ཟད། ཁོང་རང་ཉིད་ལ་དབྱུག་རིལ་གྱི་སྤོ་ལོ་གཡུག་མཁན་རྩེད་ཕུད་ཀྱི་བྱ་དགའ་ཐོབ་འདུག
དེ་ནས་༢༠༡༥་ལོར་ཨ་རིའི་(Baseball)་དབྱུག་རིལ་རྩེད་མོའི་མཐུན་ཚོགས་ཀྱིས་ རྒྱ་ནག་གི་Nanjing ་གྲོང་ཁྱེར་ནང་དབྱུག་རིལ་རྩེད་མོ་བ་གསོ་སྐྱོང་ཆེད་དུ། ཆེད་འཛུགས་བྱས་པའི་དབྱུག་རིལ་རྩེད་མོ་སྦྱོང་བསྡར་གྱི་སློབ་གྲྭའི་ནང་འདེམས་བསྒྲུགས་བྱུང་འདུག
མཐར་ཉེ་སྔོན་ཕྱི་ཟླ་༧་པའི་ནང་ཨ་རིའི་(Boston)་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་སྙན་གྲགས་ཅན་གྱི་Redsox ་དབྱུག་རིལ་རྩེད་འགྲན་རུ་ཁག་ནས་བོད་རིགས་གཞོན་ནུ་བྱམས་པ་རིག་འཛིན་ལགས་རུ་ཁག་དེའི་རྩེད་འགྲན་པའི་ཁོངས་སུ་འདེམས་བསྒྲུགས་ཀྱིས་གན་རྒྱ་གཏན་འབེབས་བྱུང་བ་ཞིག་ཡིན་པ་རེད།
བོད་རིགས་གཞོན་ནུ་དབྱུག་རིལ་རྩེད་མོ་བ་བྱམས་པ་རིག་འཛིན་ལགས་ནི། ལོ་ན་ཆུང་ཡང་གཟུགས་པོའི་རིང་ཚད་ཕུཊ་༦་དང་། ལྗིད་ཚད་རྒྱ་མ་པའོནཌ་ ༡༨༥ ་ཡིན་འདུག་ལ་ཁོང་གིས་ཨ་རིའི་(Redsox)་དབྱུག་རིལ་རྩེད་འགྲན་རུ་ཁག་དང་གན་རྒྱ་གཏན་འབེབས་ཀྱི་ས་རྟགས་བཀོད་པའི་སྐབས་གྲགས་ཆེ་བའི་(Redsox)་རུ་ནང་ཞུགས་རྒྱུའི་གོ་སྐབས་བྱུང་བར་དགའ་ཚོར་དཔག་མེད་དང་། དབྱུག་རིལ་སྦྱོང་བརྡར་ལ་འབད་པ་ཧུར་བརྩོན་བྱས་སྟེ་རིམ་བཞིན་རུ་ཁག་ལ་གྲུབ་འབྲས་ཡག་པོ་ཡོང་རྒྱུའི་ཡིད་ཆེས་ཡོད་པ་གསུངས་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།