བོད་ལྷ་སའི་ཆང་ཨ་རིའི་ནང་ནང་འདྲེན་བྱེད་འཆར་ཡོད་པ།

བོད་ཀྱི་རྒྱལ་ས་ལྷ་ས་ནས་བཟོས་པའི་ལྷ་ས་སྦི་ཡར་ཞེས་པའི་འབྲུ་རིགས་ལས་བཟོས་པའི་ཆང་དེ་ཨ་མི་རི་ཀའི་ནང་ཕྱི་ཚོང་ཐོག་མ་དེ་གནང་རྒྱུ།

༄༅༎བོད་ཀྱི་རྒྱལ་ས་ལྷ་ས་ནས་བཟོས་པའི་ལྷ་ས་སྦི་ཡར་ཞེས་པའི་འབྲུ་རིགས་ལས་བཟོས་པའི་ཆང་དེ་ཨ་མི་རི་ཀའི་ནང་ཕྱི་ཚོང་ཐོག་མ་དེ་ཟླ་བ་འདིའི་ནང་གནང་རྒྱུ་ཡིན་འདུག

ལྷ་ས་ནས་ནང་འདྲེན་གནང་བའི་ལྷ་ས་སྦི་ཡར་ཞེས་པའི་ཆང་དེ་ཟླ་བ་འདིའི་ནང་ཨ་རིའི་ཀྲེག་ས་སི་མངའ་སྡེའི་ནང་ཚོང་འགྲེམས་ཐོག་མ་དེ་བྱེད་རྒྱུ་ཡིན་པ་དང་རིམ་པས་ཆང་དེ་ཨ་རི་རྒྱལ་ཡོངས་ནང་ལ་ཚོང་འགྲེམས་བྱེད་འཆར་ཡོད་འདུག ལྷ་ས་སྦི་ཡར་ཞེས་པའི་ཆང་དེ་ཨ་རིའི་ནང་ནང་འདྲེན་དང་ཚོང་འགྲེམས་གནང་མཁན་འཛམ་བུ་གླིང་ཞེས་པའི་ཁེ་གཉེར་ལང་ཁང་གི་གཙོ་འཛིན་ཇོར་ཇེ་ལྦི་ཛི་ཞུ་བས་འཛམ་གླིང་གི་ཡང་ཐོག་བོད་ནས་ནང་འདྲེན་བྱས་པའི་ཆང་དེ་ཨ་མི་རི་ཀའི་ཟ་ཁང་དང་ཆང་ཁང་ནང་ཚོང་དུས་ཚང་མས་དགའ་པོ་བྱེད་ཀྱི་རེད་བསམ་གྱི་འདུག་ལ་ལྷག་པར་དུ་གོ་སྐབས་ཆུང་བ་དང་ཡུལ་ལུང་སྐྱོ་བ་རྣམས་ལ་ཚོང་གི་ལམ་ནས་ཕན་ཐོགས་བྱེད་རྒྱུ་དེ་སྤྱི་ཚོགས་ཀྱི་འགན་འཁུར་ཞིག་རེད་བསམ་གྱི་འདུག དེ་ལྟར་བྱེད་ཐུབ་པ་དེར་འདོད་བློ་ཁེངས་པོ་ཡང་ཡོང་གི་འདུག་ཅེས་གསུངས་བཞག དེ་བཞིན་ཁོང་གིས་གསུངས་པར་གཞིགས་ན་ལྷ་ས་སྦི་ཡར་ཞེས་པའི་ཆང་དེ་ཚོང་འགྲེམས་བྱས་པའི་མཁེ་སང་ནས་བརྒྱ་ཆ་བཅུ་བོད་ནང་གི་བོད་མི་ཚོའི་ཤེས་ཡོན་དང་འཕྲོད་བསྟེན་རིག་གཞུང་གཅེས་འཛིན་སྤྱི་ཚོགས་ཞབས་ཞུ་སོགས་ཀྱི་ཆེད་ཞལ་འདེབས་གནང་རྒྱུ་ཡིན་འདུག ལྷ་ས་སྦི་ཡར་ཞེས་པའི་ཆང་དེ་འབྲུ་རིགས་ནས་ལས་བཟོས་པའི་ཆང་ཞིག་ཡིན་པ་དང་མང་ཉུང་ཨོན་སི་བཅུ་གཉིས་ཙམ་ཡོད་པའི་ཤེལ་དམ་དྲུག་བྱས་པ་དང་ཉི་ཤུ་རྩ་བཞི་བྱས་པའི་ཤོག་སྒམ་མཚོན་ཁྲ་མཛེས་སྡུག་ལྡན་པ་དེ་རིགས་ལོ་འདིའི་ལོ་མཇུག་གོང་ཨ་རི་རྒྱལ་ཡོངས་ནང་ཚོང་འགྲེམས་བྱ་རྒྱུ་ཡིན་འདུག ཆང་དེ་ནི་བོད་ནས་ཨ་མི་རི་ཀའི་ནང་ཆང་གི་རིགས་ཐད་ཀར་ཕྱི་ཚོང་བྱས་པའི་ཆང་ཐོག་མ་དེ་ཡིན་པ་རེད༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org