ཨ་རི་དང་རྒྱ་ནག་གི་སྲིད་འཛིན་རྣམ་གཉིས་རིང་མིན་མཇལ་མོལ་གནང་རྒྱུ།
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་རེས་གཟའ་ཕུར་བུའི་ཉིན་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་ཚོགས་པའི་ཚོགས་འདུའི་ཆེད་ལྷོ་ཨ་མེ་རི་ཀའི་རྒྱལ་ཁབ་ Peru རུ་འབྱོར་ཡོད་པ་དང་། ཚོགས་འདུ་དེའི་སྟེང་ད་རེས་ཨ་རིའི་སྲིད་འཛིན་སུ་འོས་འདེམས་བྱུང་བ་ (Donald Trump) གྱི་སྲིད་གཞུང་དང་རྒྱ་ནག་གཉིས་ཀྱི་དབར་ལ་མ་འོངས་གཞུང་འཛིན་དེའི་སྐབས་ཚོང་དོན་གྱི་དམ་དྲག་བྱེད་ཉེན་ཡོད་པའི་ཐད་གནད་དོན་དབྱེ་ཞིབ་པ་ཚོས་ཚོད་དཔག་བྱེད་བཞིན་པའི་དུས་སྐབས་འདིར། ཨ་རིའི་ལས་ཐོག་སྲིད་འཛིན་Joe Biden དང་ཐུག་འཕྲད་བྱ་རྒྱུ་ཐུགས་གཏན་འཁེལ་འདུག
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་ཚོགས་པའི་(APEC)རྒྱལ་ཁབ་ཁག་གི་དབུ་ཁྲིད་རྣམ་པའི་ལྷན་ཚོགས་ཉིན་གཉིས་རིང་མ་འཚོགས་པའི་གོང་ལ། སྲིད་འཛིན་ Biden ལྷོ་ཨ་མེ་རི་ཀའི་རྒྱལ་ཁབ་Peru་ནང་ཕེབས་འབྱོར་བྱུང་ཡོད་པ་རེད།
ད་ལྟའི་ལས་རིམ་སྔོན་སྒྲིག་ལྟར་ན། ཕྱི་ཟླ་༡༡ ཚེས་ ༡༦ རེས་གཟའ་སྤེན་པའི་ཉིན་སྲིད་འཛིན་Biden དང་ཞི་ཅིན་ཕིང་གཉིས་མཇལ་མོལ་གནང་རྒྱུ་ཡིན་པ་དང་། ཨ་རིའི་གཞུང་ཕྱོགས་ནས་སྲིད་འཛིན་Biden གྱིས་སྲིད་འཛིན་གྱི་འགན་འཁུར་དེ་སྲིད་འཛིན་གསར་པར་རྩིས་སྤྲོད་མ་བྱས་གོང་ལ། འཛམ་གླིང་ནང་དཔལ་འབྱོར་གྱི་སྟོབས་ཤུགས་ཆེ་ཤོས་ཀྱི་རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་དབར་དངོས་སུ་མཇལ་འཕྲད་གནང་རྒྱུ་མཐའ་མ་དེ་ཡིན་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། མ་འོངས་རྒྱལ་ཁབ་གཉིས་ཀྱི་དབར་ལ་ཚོང་དང་ས་ཁམས་ཆབ་སྲིད་ཀྱི་ཐོག་ནས་འགྲན་རྩོད་ལ་གདོང་ལེན་བྱེད་ཕྱོགས་ཐད་ཀྱི་ཐབས་ལམ་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་པ་གཞུང་འབྲེལ་མི་སྣས་གསུངས་འདུག
༡༩༨༩ ལོར་ཨེ་ཤེ་ཡ་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་ཚོང་དོན་ལྷན་ཚོགས་བཙུགས་པའི་འོག་གཙོ་བོ་རྒྱལ་ཁབ་ ༢༡ གི་མཉམ་སྦྲེལ་བྱ་ཕྱོགས་ཐད་དམིགས་ཡོད་ཅིང་། རྒྱལ་ཁབ་འདི་དག་གིས་འཛམ་གླིང་ནང་དཔལ་འབྱོར་གྱི་ཐོན་སྐྱེད་ཡོང་འབབ་ཀྱི་བརྒྱ་ཆ་ ༦༠ ཙམ་ཆགས་ཀྱི་ཡོད་པ་རེད།
རེས་གཟའ་ཕུར་བའི་ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་ Antony Blinkenསོགས་ཨེ་ཤེ་ཡ་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་སྦྲེལ་ལྷན་ཚོགས་དང་འབྲེལ་བའི་རྒྱལ་ཁབ་ཁག་གི་བློན་ཆེན་རྣམ་པ་ཚོས་ ལི་མ་གྲོང་ཁྱེར་དུ་ཟུར་དུ་ཚོགས་འདུ་ཞིག་བསྐོངས་ཚོགས་གནང་འཆར་ཡོད་པ་རེད།
ཨ་རིའི་སྲིད་འཛིན་འོས་འདེམས་བྱུང་བ་ཊམཔ་སྲིད་གཞུང་གིས་རྒྱ་ནག་ལ་ཁ་གཏད་གདོང་ལེན་བྱེད་རྒྱུ་ཡིན་པའི་མངོན་དཔག་བྱེད་བཞིན་པའི་དུས་སྐབས་འདིར། རེས་གཟའ་སྤེན་པའི་ཉིན་ཞི་དང་སྲིད་འཛིན་འཇཱོ་སྦཡེ་ཌེན་གཉིས་དངོས་སུ་ཐུག་འཕྲད་བྱ་རྒྱུ་དེ་ནི་གནད་འགག་ཅན་གྱི་མཇལ་མོལ་ཞིག་ཆགས་སྲིད་པར་ངོས་འཛིན་གྱིས་འཛམ་གླིང་འགོ་ཁྲིད་ཡོངས་ཀྱིས་དོ་སྣང་ཆེན་པོ་བྱེད་གཞིར་གྱུར་ཡོད་པ་རེད།།
གསར་འགོད་པ། མཁའ་འགྲོ་གཡང་འཛོམས།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།