༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དགོངས་སེལ་མ་ཞུ་ན། གསར་འགྱུར་བརྒྱུད་ལམ་དང་༧གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་ཨ་རུ་ན་ཅལ་ནང་བཀག་སྡོམ་བྱ་རྒྱུ་ཡིན་འདུག

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྒྱུད་ལམ་ཁག་ཏུ་སྐུ་པར་བཅད་བཏུབ་ཀྱིས་མཚན་ཤས་བཟོ་ཐབས་བྱས་པའི་གནས་ཚུལ་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཤུགས་གཞི་རྒྱ་ཆེ་རུ་འགྲོ་བཞིན་འདུག

དགའ་ལྡན་ཕོ་བྲང་ཡིག་ཚང་།

ཕྱི་ཟླ་ ༤ ཚེས་ ༢༢ ཉིན་གྱི་སྔ་དྲོ་རྒྱ་གར་དང་བོད་ཀྱི་ས་འབྲེལ་འཁེལ་སའི་རྒྱ་གར་གྱི་ཨ་རུ་ན་ཅལ་མཅའ་སྡེའི་ནང་རྒྱལ་མཆོག་སྐུ་ཕྲེང་ ༦ པ་འཁྲུངས་ཡུལ་མོན་རྟ་ཝང་ཁུལ་དུ་མོན་ཡུལ་ཟེ་ལ་ཡན་གྱི་མི་མང་འདུ་འཛོམས་ཐོག ས་གནས་ཀྱི་ཆོས་ཕྱོགས་ཀྱི་བླ་ཆེན་དང་འཛིན་སྐྱོང་ཆོས་རིག་མི་སྣ་སོགས་མི་མང་སྟོང་ཚོ་མང་པོ་སྟེ་ས་གནས་ནས་འདི་ག་རླུང་འཕྲིན་ཁང་ལ་གསུངས་དོན་ལྟར་ན།  མོན་པ་དང་བོད་མི་ཁྲི་གཅིག་ཙམ་འདུ་འཛོམས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྒྱུད་ལམ་ཁག་ཏུ་སྐུ་པར་བཅད་བཏུབ་ཀྱིས་མཚན་ཤས་བཟོ་ཐབས་བྱས་པའི་གནས་ཚུལ་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཞིང་།  ས་གནས་མང་ཚོགས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པ་དང་།  གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་དྲང་བདེན་འགོད་དགོས་པ་བཅས་དགོས་འདུན་བཏོན་འདུག་ཡོད་པ་ལས་འགུལ་ནང་ཞུགས་མཁན་ཁོངས་ནས་མོན་རྟ་ཝང་ནས་༧སྐྱབས་རྗེ་ལྡིང་གུང་རིན་པོ་ཆེ་མཆོག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།  

༧གོང་ས་མཆོག་ལ་དགོངས་སེལ་མ་ཞུས་ན། མོན་ཡུལ་ཁུལ་དུ་བཀག་འགོག་དང་ངོ་རྒོལ་བྱ་རྒྱུའི་ཐག་གཅོད་གནང་པ། 

ང་ཚོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་ཡོད་ཅེས་པའི་རྟ་དབང་མི་མང་གི་དང་བླང་ཚོགས་པ་ཞིག་ཆེད་བཙུགས་བྱེད་ཡོད་པ་དེས་སྣེ་ཁྲིད་བྱས་པའི་ལས་འགུལ་འདི་བརྒྱུད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུ་མཁན་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ NDTV དང་། India Today News 4 Himalaya དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གཞི་མེད་སྐྱོན་འཛུགས་དང་མཚན་སྨད་ཞུ་མཁན་རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་གཙོས་པའི་ཤུགས་རྐྱེན་ལྡན་པའི་མི་སྣ་རེ་ཟུང་ལ་མཐའ་གཅིག་དུ་ངོ་རྒོལ་ཡོད་པ་དང་། མོན་ཡུལ་ཚོགས་པའི་ཚོགས་གཙོ་བསྟན་འཛིན་འབྱོར་ལྡན་ལགས་ཀྱི་འདི་གར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཞལ་པར་བརྒྱུད་གསུངས་ན། ༧གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་གྱི་བརྒྱུད་ལམ་དང་གློག་བརྙན་འཁྲབ་སྟོན་པ་ Kangana Ranaut དང་།  Shraddha Arya བཅས་ཀྱིས་འཕྲལ་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་༧གང་ཉིད་ཀྱི་དད་ལྡན་པ་དང་རྗེས་འཇུག་པ་ཡོངས་ལ་དགོངས་སེལ་མ་ཞུས་ན། ཨ་རུ་ན་ཅལ་མོན་རྟ་ཝང་ཁུལ་དུ་འགྲོ་འོང་བཀག་འགོག་དང་བརྒྱུད་ལམ་དང་གློག་བརྙན་བཅས་པར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུའི་ཐག་གཅོད་བྱེད་ཡིན་ཞེས་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུ་མཁན་བོད་པའི་སྤྱི་ཚོགས་ནང་དེ་སྔ་འབྲེལ་འདྲིས་བྱུང་པ་ Niraj Kumar ལ་སྡིངས་ཆ་རིགས་སྤྲོད་རྒྱུ་མེད་པ་རིག་གཞུང་བློན་ཆེན་ལས་ཁུངས་སུ་ཞུ་སྐུལ་གནང་ཡོད་འདུག

རྒྱ་གར་ཀུ་ལུ་མ་ན་ལི་ཁུལ་དུ་གྭར་ཞྭ་སྤི་ཏི་དང་། བོད་མི་བཅས་ཀྱིས་ལས་འགུལ་སྤེལ་བ།

རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་མ་ན་ལི་ཁུལ་ཕྱི་ཟླ་ ༤ ཚེས་ ༢༢ མ་ན་ལི་ཁྲོམ་གཞུང་དུ་མི་མང་བཞི་སྟོང་ལྷག་ཙམ་འདུ་འཛོམས་ཀྱིས་ལས་འགུལ་སྤེལ་ཡོད་ཅིང་།  ཀུ་ལུ་ཀཡེས་ས་གནས་སུ་ཆགས་པ་དྭགས་པོ་བཤད་སྒྲུབ་གླིང་དགོན་པའི་སྐུ་ཞབས་བསམ་གྲུབ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། མི་མང་ཚོས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱབ་སྐྱོར་ཆ་ཚང་ཡོད། གསར་འགོད་པ་ཚོ་ངོ་ཚ་དགོས་ཞེས་སྐད་འབོད་བསྐྱོན་ཡོད་འདུག

ཐེངས་འདིའི་ཀུ་ལུ་མ་ན་ལི་ཁུལ་གྱི་ལས་འགུལ་འདི་ནི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། ས་གནས་བུད་མེད་ལྷན་ཚོགས། ཀུ་ལུ་རྫོང་ཁོངས་སུ་ཆགས་པ་དྭགས་པོ་བཤད་སྒྲུབ་གླིང་དགོན་པ་དང་མ་ནི་ལི་བོད་དགོན། ཀུ་ལུ་དང་མ་ན་ལིར་ཡོད་པའི་རྙིང་མ་དང་བཀའ་བརྒྱུད་དགོན་པའི་དགེ་འདུན་པ། ལྷག་པར་དུ་ཧི་མ་ལ་ཡའི་རི་རྒྱུད་མི་རིགས་ཀྱི་ཁོངས་སུ་གར་ཞྭ་དང་།  སྤི་ཏི་། ཁུ་ནུ། རྒྱ་གར་ཁམས་པའི་མི་རིགས། བལ་ཡུལ་ས་མཚམས་ཀྱི་མི་རིགས་མུ་ཁུམ་པ། ཤར་པ་སོགས་ཀྱི་ཚོགས་པ་སྐྱིད་སྡུག་བཅས་ཀྱི་མི་མང་། བོད་མི་བཅས་ཁྱོན་མི་གྲངས་བཞི་སྟོང་ལྷག་ཙམ་འདུ་འཛོམས་བྱུང་འདུག
གནས་མཆོག་རྡོ་རྗེ་གདན་དུ་སྨོན་ལམ་གནང་པ།

ཟླ་ ༤ ཚེས་ ༢༡ ཉིན་གནས་མཆོག་རྡོར་རྗེ་གདན་དུ་རྣམ་རྒྱལ་གྲྭ་ཚང་གི་དགོན་པའི་སྣེ་ཁྲིད་འོག་བྱང་ཆུབ་མཆོད་རྟེན་རིན་པོ་ཆེའི་སྐུ་མདུན་དུ་བོད་མི་དང་ནང་པའི་དགེ་སློང་གིས་གཙོས་ཁུལ་དེར་གནས་འཁོད་ཕྱི་ནང་མི་རིགས་ཚོས་བྱང་ཆུབ་སེམས་ཆོག་གི་སྨོན་ལམ་གསུང་འདོན་དང་འབྲེལ་ཐུགས་སྨོན་གནང་ཞིང་།  ཕྲེད་དར་ཆེན་པོ་ཞིག་གི་སྟེང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་༧སྐུ་ཁམས་བཟང་ཞིང་༧སྐུ་ཚེ་ཡུན་རིང་བརྟན་པ་དང་།  འཛམ་གླིང་མི་མང་ལ་༧གང་ཉིད་དགོས་མཁོ་ཡོད།  གནས་མཆོག་རྡོ་རྗེ་གདན་གྱི་མི་མང་ཚོས་༧གང་ཉིད་གནས་འདིར་ཡང་བསྐྱར་༧ཆིབས་སྒྱུར་མཛད་རྒྱུའི་བསྐལ་བཟང་གི་གོ་སྐབས་འབྱུང་བར་ངང་སྒུག་ཞུ་བཞིན་ཡོད་ཅེས་བཀོད་འདུག

ཕ་རན་སི་རུ་མི་མང་གི་གཞི་རྒྱ་ཆེ་བའི་ལས་འགུལ།
ཕ་རན་སི་རྒྱལ་ས་པེ་རིསི་ནང་ཕྱི་ཟླ་ ༤ ཚེས་ ༢༢ ཉིན་རྒྱབ་ཆུ་ཚོད་ ༢།༣༠ ནས་ས་གནས་བོད་མིའི་སྤྱི་མཐུན་ཚོགས་པ་དང་ས་གནས་ཀྱི་ཚོགས་པ་ཁག་ལྔས་གོ་སྒྲིག་འོག་ France TV ཞེས་ཕ་རན་སིའི་བརྙན་འཕྲིན་ལས་ཁུངས་མདུན་དུ་ཞི་བའི་རྔམ་སྟོན་གྱི་ལས་འགུལ་ཞིག་སྤེལ་ཏེ།  ལས་ཁུངས་ཀྱི་རྒྱབ་མདུན་ཡོངས་སུ་ཁེངས་ནས་མི་མང་སྟོང་ཕྲག་བདུན་ཙམ་འཛོམས་ཡོད་པ་ལས་འགུལ་ནང་མཉམ་ཞུགས་གནང་མཁན་བསོད་ནམས་བསྟན་འཛིན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོང་གནང་བྱུང་།

ས་གནས་བོད་མིའི་སྤྱི་མཐུན་ཚོགས་པའི་ཚོགས་ཟུར་བསྟན་འཛིན་སྤེན་པ་ལགས་ཀྱིས་བོད་མི་ཚོས་མཉམ་ཞུགས་གནང་སྟངས་ཀྱི་ཆ་ནས་འདུན་པ་གནང་ཕྱོགས་ལ་ལེགས་གསོལ་གནང་པ་དང་ཆབས་ཅིག   ད་ལྟའི་ཆར་བོད་མི་ཚང་མར་སེམས་ཚོར་དཀའ་སྡུག་ཆེན་པོ་བྱུང་པའི་གནས་སྐབས་ཤིག་ཡིན་སྟབས།  ལས་འགུལ་གང་ཞིག་གནང་ཡང་ཞི་འཇམ་དང་གཞན་གྱི་སེམས་ཚོར་ལ་དོ་ཕོག་མི་འབྱུང་བའི་ཐོག་ནས་གསལ་བཤད་དང་གནད་དོན་ངོ་སྤྲོད་གནང་རྒྱུ་ཁག་གནང་དགོས་པའི་འབོད་སྐུལ་གནང་འདུག

ཨ་རིའི་ནིའུ་ཡོག་རྒྱ་ནག་གཞུང་ཚབ་ཡན་ལག་མདུན་ལས་འགུལ་སྤེལ་ཡོད་པ།

ཨ་རིའི་ནིའུ་ཡོག་ཏུ་ས་གནས་བོད་མིའི་སྤྱི་ཁང་དུ་ཕྱི་ཟླ་ ༤ ཚེས་ ༢༡ ཉིན་ས་གནས་བེུད་ལྷན་ཚོགས་ཀྱི་གོ་སྒྲིག་གནང་སྟེ་མར་མེའི་མཆོད་འབུལ་གནང་ཞིང་།  ཕྱི་ཚེས་ ༢༢ ཉིན་ས་གནས་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་སྟེ་ཉིན་རྒྱབ་ཕྱག་ཚོད་ ༡ ཐོག་྆རྒྱ་ནག་གཞུང་ཚབ་ཡན་ལག་ལས་ཁུངས་མདུན་དུ་རྔམ་སྟོན་ལས་འགུལ་གནང་ཞིང་།  ས་གནས་ནིའུ་ཡོག་དང་ནིའུ་འཇར་སི་ས་གནས་བོད་མིའི་སྤྱི་མཐུན་ཚོགས་པའི་ཁྱབ་ཁོངས་ཚོགས་སྐྱིད་ཚང་མས་མཉམ་ཞུགས་གནང་ཡོད་པ་རེད།

རྒྱ་གར་གྱི་གྲོང་ཁྱེར་མུམ་བཡི་ནང་བོད་མི་ཚོས་ལས་འགུལ་སྤེལ་བ།
རྒྱ་གར་ནང་བོད་མི་གནས་ཡུལ་གང་སར་ལས་འགུལ་སྤེལ་བཞིན་ཡོད་ཅིང་།  རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་སོགས་ལྷོ་ཕྱོགས་ས་གནས་ནས་བོད་མི་བརྒྱ་ཕྲག་ཁ་ཤས་ཕྱི་ཚེས་ ༢༡ ཉིན་མུམ་བཡེ་གྲོང་ཁྱེར་དུ་འདུ་འཛོམས་ཀྱིས་རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པའི་བསྟི་གནས་ཆགས་ཡུལ་གྱི་ཆ་ནས་རྔམ་སྟོན་ལས་འགུལ་གནང་ཡོད་ཅིང་། རྒྱ་གར་བོད་ཀྱི་གྲོགས་པོ་ཚོགས་པའི་ངོས་ནས་བོད་མིའི་ལས་འགུལ་ནང་མཉམ་དུ་ཡོད་ཅེས་གསུངས་ཡོད་པ་དང་། ས་གནས་བོད་མི་ཁག་ཅིག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བརྙན་རིས་འདིའི་ཐད་བསམ་ཚུལ་བརྗོད་མཁན་གྱི་གློག་བརྙན་འཁྲབ་སྟོན་པ་ Kangana Ranaut གྱི་ལས་ཁུངས་མདུན་བསྐྱོད་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དགོངས་སེལ་ཞུ་དགོས་པའི་དགོས་འདུན་བཏོན་པར། ཁོང་གི་སྤུན་མཆེད་གཅིག་དང་ལས་བྱེད་བཅས་པ་ཕྱིར་ཐོན་ནས་དགོངས་སེལ་ཞུ་གི་ཡོད་ཅེས་གསུངས་འདུག་ལ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཧ་ཅང་ཆེན་པོ་ཡོད་པས། འདི་སྐོར་གློག་བརྙན་འཁྲབ་སྟོན་པ་ Kangana Ranaut ལ་བརྡ་ལན་གནང་རོགས་གསུངས་པ་བཞིན་དེ་ལྟར་གནང་རྒྱུ་ཡིན་པ་ཁས་ལེན་བྱས་འདུག
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲཤིས།



2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org