ཨིན་ཡུལ་དུ་གཞུང་གསར་འཛུགས་གནང་རྒྱུའི་གྲ་སྒྲིག

ཨིན་ཡུལ་གྱི་སྲིད་བློན་གསར་པས་ཁོང་གི་རྙིང་ཞེན་ཚོགས་པས་གུ་ཡངས་དམངས་གཙོ་ཚོགས་པ་དང་མཉམ་འབྲེལ་གནང་ཡོད་པ་རེད།

༄༅༎ཨིན་ཡུལ་གྱི་སྲིད་བློན་གསར་པ་ཌེ་ལྦི་ཌི་ཁེམ་རོན་མཆོག་གིས་ཁོང་གི་རྙིང་ཞེན་ཚོགས་པས་གུ་ཡངས་དམངས་གཙོ་ཚོགས་པ་དང་མཉམ་འབྲེལ་གནང་རྗེས་ད་ཆ་གཞུང་གསར་འཛུགས་གནང་རྒྱུའི་གྲ་སྒྲིག་གནང་བཞིན་ཡོད་པ་རེད།

གུ་ཡངས་དམངས་གཙོ་ཚོགས་པའི་དབུ་ཁྲིད་ནིཀ་ཀེ་ལེག་ཡིས་སྲིད་བློན་གཞོན་པའི་མཚན་གནས་འགན་བཞེས་གནང་རྒྱུ་དང༌། ཁོང་གི་ཚོགས་པའི་ཕྱག་སྦྲེལ་བཞི་ལ་བློན་ཆེན་གོ་གནད་ཐོབ་རྒྱུ་ཡིན་པ་རེད།

ལྦི་ལི་ཡེམ་ཧེག་ཨིན་ཡུལ་གྱི་ཕྱི་སྲིད་དྲུང་ཆེ་གསར་པ་དང༌། ཐེ་རི་ས་མེ་ནང་སྲིད་དྲུང་ཆེ་གསར་པར་བསྐོ་གཞག་བྱུང་འདུག།

ད་རེས་གསར་དུ་འདེམས་ཐོན་བྱུང་བའི་ཨིན་ཇིའི་སྲིད་བློན་ཌེ་ལྦི་ཌི་ཁེམ་རོན་མཆོག་གིས་ཁོང་ལ་རྒྱབ་སྐྱོར་ཞུ་མཁན་ཚོར། ཨིན་ཇིའི་ལོ་རྒྱུས་ནང་དུས་རབས་གསར་པ་ཞིག་འགོ་ཚུགས་ཡོད་པ་དང༌། ང་ཚོས་ལས་དོན་བྱེད་ཡག་ལམ་སེང་འགོ་བཙུགས་དུ་ཞེས་གསུངས་བཞག༎   ཁོང་ནི་ཨིན་ཡུལ་གྱི་འདས་པའི་ལོ་༢༠༠འི་དུས་ཡུན་ནང་གི་སྲིད་བློན་དགུང་ལོ་ཆུས་ཤོས་དེ་ཡིན་པ་དང༌། རྙིང་ཞེན་ཚོགས་པ་དང༌། གུ་ཡངས་དམངས་གཙོ་ཚོགས་པ་གཉིས་མཉམ་འབྲེལ་གནང་ནས་གཞུང་བཙུགས་པ་ད་རེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་མ་ཟད། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ཨིན་ཡུལ་ནང་མཉམ་འབྲེལ་གྱི་གཞུང་ཟིན་པ་ད་རེས་ཐེངས་དང་པོ་དེ་ཆགས་ཀྱི་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org