ཡུ་རོབ་གྲོས་ཚོཌ་ནང་བཙན་བྱོལ་བོད་གཞུང་ངོས་འཛིན་ཞུ་རྒྱུ།

ཡུ་རོབ་གྲོས་ཚོགས་ནང་བཙན་བྱོལ་བོད་གཞུང་ངོས་འཛིན་ཞུ་རྒྱུའི་གྲོས་ཆོད་ཐོག་བསྐྱར་ཞིབ་གནང་དགོས་པའི་འབོད་སྐུལ་ཞུས་འཆར་ཡོད་འདུག

༄༅༎དེ་སྔ་ཕྱི་ལོ་ཉིས་སྟོང་ལོར་ཡུ་རོབ་གྲོས་ཚོགས་ནས་གྲོས་ཆོད་ཅིག་བཞག་ཡོད་པ་དེའི་ནང་གལ་སྲིད་རྒྱ་ནག་གཞུང་དང་བཙན་བྱོལ་བོད་གཞུང་བར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཟིགས་རྟོག་འོག་བོད་ཀྱི་གནད་དོན་ཐོག་གྲོས་ཆོད་བཞག་མ་ཐུབ་པ་ཡིན་ན་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཚོས་བཙན་བྱོལ་བོད་གཞུང་འདི་བཞིན་བོད་མིའི་སྐུ་ཚབ་མཚོན་པའི་གཞུང་ཞིག་ཡིན་པར་ངོས་འཛིན་བྱ་རྒྱུའི་ཐོག་དགོངས་པ་བཞེས་རྒྱུ་ཡིན་ལུགས་བཀོད་ཡོད་པ་རེད་འོན་ཀྱང་ལོ་གསུམ་ཕྱིན་པའི་རྗེས་སུ་ཡུ་རོབ་གྲོས་ཚོགས་ནས་རྒྱ་ནག་གཞུང་དང་བོད་མིའི་སྐུ་ཚབ་བར་གྲོས་མོལ་བྱུང་བའི་བརྒྱུད་རིམ་ལ་བརྟེན་གནས་སྐབས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་རྒྱུ་མཚམས་འཇོག་བྱ་དགོས་ལུགས་གསུངས་ནས་གང་ལྟར་ད་བར་དམིགས་བསལ་གནད་དོན་འདིའི་ཐོག་ལག་ལེན་འཁེལ་བ་ཞིག་བྱུང་མེད་པ་རེད།

འོན་ཀྱང་ད་ཆ་ཡུ་རོབ་ཁུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ལྔ་བཅུ་ཐམ་པས་སླར་ཡང་ཡུ་རོབ་གྲོས་ཚོགས་ནས་དེ་སྔའི་གྲོས་ཆོད་ལ་བསྐྱར་ཞིབ་གནང་རྒྱུའི་ལས་འགུལ་སྤེལ་བཞིན་ཡོད་པ་དང་སྙན་ཞུ་དེ་དག་དབྱིན་ཇི་དང་ཕ་རན་སི་དང་ཨི་ཊ་ལི་དང་འཇར་མན་དེ་བཞིན་པུ་ལི་ཤི་སོགས་སྐད་ཡིག་དྲུག་ཙམ་ནང་བཀོད་རྒྱུ་ཡིན་པ་མ་ཟད་ཡུལ་གྲུ་དེ་དག་ནང་ཡོད་པའི་བོད་མིའི་ཚོགས་པ་ཁག་ནས་ཀྱང་ལས་འགུལ་དེའི་ཐོག་མཉམ་བཞུགས་བྱ་འཆར་ཡོད་འདུག

སྙན་ཞུ་དེ་བཞིན་གཙོ་བོ་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་དང་དེ་བཞིན་ཡུ་རོབ་གྲོས་ཚོགས་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་མཆོག་གི་མཚན་ཐོག་འབུལ་རྒྱུའི་འཆར་གཞི་ཡོད་པ་རེད༎

 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org