བལ་ཡུལ་ཁ་གདན་མངག་ཉོ་བྱེད་མཁན་ཉུང་དུ་ཕྱིན་ཡོད་པ།
བལ་ཡུལ་ནང་ཁ་གདན་བཟོ་གྲྭ་ཁག་གི་ཕྱིར་ཚོང་གི་བྱ་བཞག་ཉམས་རྒུད་དུ་ཕྱིན་ཏེ་བརྒྱ་ཆ་ཉི་ཤུ་རྩ་གཅིག་ལྷག་མངག་ཉོ་བྱེད་མཁན་ཉུང་དུ་ཕྱིན་པ།
-
2009-05-10 -
-
-
༄༅༎བལ་ཡུལ་ནང་གི་ཁ་གདན་བཟོ་གྲྭ་ཁག་གི་འདི་ལོའི་ཕྱིར་ཚོང་གི་བྱ་བཞག་ཉམས་རྒུད་དུ་ཕྱིན་ཏེ་འདས་པའི་ཟླ་བ་དགུའི་ནང་བརྒྱ་ཆ་ཉི་ཤུ་རྩ་གཅིག་ལྷག་མངག་ཉོ་བྱེད་མཁན་ཉུང་དུ་ཕྱིན་ཡོད་པའི་སྐོར་དེ་རིང་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་དྲུ་ནས་མའེ་རི་པཱབ་ལི་ཀ་ཟེར་བའི་འཕྲིན་གཏོང་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།
ཕྱི་ལོ་ཉིས་སྟོང་བདུན་ལོའི་ཕྱི་ཟླ་དགུ་པ་ནས་ཉིས་སྟོང་བརྒྱད་ལོའི་ཕྱི་ཟླ་ལྔ་པ་བར་དུས་ཡུན་ཟླ་བ་དགུའི་ནང་བལ་ཡུལ་གྱི་ཁ་གདན་མི་ཊར་གྲུ་བཞི་མ་འབུམ་དགུ་ཙམ་ཕྱིའི་རྒྱལ་ཁབ་ལྔ་ཅུ་ང་གཉིས་ནང་ཕྱིར་ཚོང་བྱེད་ཐུབ་པ་བྱུང་བ་དང་ཡིན་ནའང་དེང་སྐབས་འཛམ་གླིང་གི་དཔལ་འབྱོར་གནས་སྟངས་མུ་མཐུད་ཉམས་རྒུད་དུ་གནས་བཞིན་པར་བརྟེན་ནས་བལ་ཡུལ་གྱི་ཁ་གདན་མངག་ཉོ་བྱེད་མཁན་གྱི་ཕྱིའི་རྒྱལ་ཁབ་གཙོ་བོ་དེ་དག་ཐོག་དཔལ་འབྱོར་དཀའ་ངལ་གྱི་ཤུགས་རྐྱེན་ཆེན་པོ་ཐེབས་ཏེ་ན་ནིང་གི་ཕྱི་ཟླ་དགུ་པ་ནས་འདི་ལོའི་ཕྱི་ཟླ་ལྔ་པ་བར་འདས་པའི་ཟླ་བ་དགུ་གཅིག་མཚུངས་ནང་ཁ་གདན་མི་ཊར་གྲུ་བཞི་མ་ཁྱོན་འབུམ་བདུན་ཙམ་དང་ཕྱིའི་རྒྱལ་ཁབ་བཞི་ཅུ་ཞེ་དྲུག་ལས་མངག་ཉོ་བྱེད་མཁན་མ་བྱུང་བ་དེའི་ཐོག་ནས་འདི་ལོ་བལ་ཡུལ་གྱི་ཁ་གདན་ཕྱི་ཚོང་གི་བྱ་བཞག་ཐོག་མངག་ཉོ་བྱེད་མཁན་རྒྱལ་ཁབ་དྲུག་དང་ཁ་གདན་མི་ཊར་གྲུ་བཞི་མ་འབུམ་གཉིས་ཙམ་ཉུང་དུ་ཕྱིན་ཡོད་པ་རེད། བལ་ཡུལ་གྱི་ཁ་གདན་མངག་ཉོ་བྱེད་མཁན་རྒྱལ་ཁབ་གཙོ་བོ་གཅིག་འཇར་མ་ནི་ཡིན་ཞིང་ཡིན་ནའང་འདི་ལོ་འཇར་མ་ནི་ནས་མངག་ཉོ་བྱེད་མཁན་བརྒྱ་ཆ་ཉི་ཤུ་ལྷག་ཉུང་དུ་ཕྱིན་པ་མ་ཟད་ཨ་མི་རི་ཀ་ཕྱིར་ཚོང་བྱེད་ཡུལ་ཨང་གཉིས་པ་ཡིན་པ་དང་དེ་ཡང་མངག་ཉོ་བྱེད་མཁན་བརྒྱ་ཆ་ཉི་ཤུ་རྩ་ལྔ་ཙམ་ཉུང་དུ་ཕྱིན་ཏེ་དེའི་འབྱུང་རྐྱེན་གཙོ་བོ་གཅིག་ནི་དེང་སྐབས་འཛམ་གླིང་དཔལ་འབྱོར་ཉམས་རྒུད་ཀྱི་ཤུགས་རྐྱེན་དང་གཉིས་ནསས་དེང་སྐབས་འཛམ་གླིང་ནང་དངོས་ཟོག་གི་སྤུས་ཚད་དང་རྒྱུ་ཆ་སོགས་འགྲན་བསྡུར་བྱེད་མཁན་ཉུང་དྲག་པའི་རྐྱེན་གྱིས་ཕྱི་རྒྱལ་བ་ཁ་གདན་ཚོང་ལས་པ་ཚོས་རིན་གོང་དམའ་བའི་ཁ་གདན་མངག་ཉོ་མ་བྱེད་དཀའ་མེད་དུ་གྱུར་ཏེ་མང་ཆེ་བས་རྒྱ་ནག་དང་ལྦིཏ་ནམ།རྒྱ་གར་ལྟ་བུའི་རྒྱལ་ཁབ་ནས་རིན་གོང་ཁེ་པོར་ཉོ་སྒྲུབ་བྱེད་ཀྱི་ཡོད་པ་རེད༎