རྒྱ་ནག་གཞུང་གིས་ཐོན་གསར་དྲ་རྒྱ་སྤྱད་ནས་བོད་ཁུལ་དུ་རྒྱ་ནག་ཅན་གྱི་སློབ་གསོ་སྤེལ་ཤུགས་ཆེ་རུ་གཏོང་གི་འདུག
རྒྱ་ནག་གཞུང་གིས་(5G)་འམ་ཐོན་གསར་འཕྲུལ་རབས་ལྔ་བའི་དྲ་རྒྱ་སྤྱད་ནས་བོད་ཁུལ་དུ་རྒྱ་ནག་ཅན་གྱི་སློབ་གསོ་སྤེལ་ཤུགས་ཆེ་རུ་གཏོང་བཞིན་པ་རེད་འདུག
- 2022-04-11
-
-
-
དེ་ཡང་བོད་གནས་དཔྱད་ཞིབ་ཅེས་པས་ཟླ་༤པའི་ཚེས་༩འི་ཉིན་སྤེལ་བའི་གནས་ཚུལ་ནང་། རྒྱ་ནག་གཞུང་གིས་འདས་པའི་མི་ལོ་བཅུ་ཕྲག་འགའི་རིང་བོད་ཀྱི་བྱིས་པ་ཁྲི་ཕྲག་མང་པོ་རྒྱ་ནག་ནང་ལོགས་ཀྱི་སློབ་གྲྭ་ཁག་ནང་བཙན་དབང་གིས་བསྐྱལ་ནས། རྒྱ་རིགས་སུ་བསྒྱུར་ཐབས་བྱས་ནའང་ད་དུང་འགུ་མ་གང་བར་ད་ལྟ་རྣམ་གྲངས་གསར་བ་ཞིག་གི་འགོ་བརྩམས་ནས་(5G)་ཐོན་གསར་འཕྲུལ་རབས་ལྔ་བའི་དྲ་རྒྱའི་རམ་འདེགས་འོག་རྒྱ་རིགས་དགེ་རྒན་ཚོས་དྲ་ལམ་ནས་བོད་ཀྱི་བྱིས་པ་ཚོར་རྒྱ་ཡིག་རྒྱ་སྐད་སློབ་ཁྲིད་བྱེད་བཞིན་པ་རེད་ཅེས་བཀོད་འདུག
རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ལས་ཁང་གིས་ཟླ་༤པའི་ཚེས་༨ཉིན་གྱི་གནས་ཚུལ་ལྟར་ན། རྒྱ་ནག་ཧྲན་ཞི་ཞིང་ཆེན་གྱི་བོད་ལ་རོགས་སྐྱོར་ལས་གཞིའི་ཁྲོད་ཀྱི་དྲ་ལམ་ནས་སློབ་ཁྲིད་བྱེད་རྒྱུའི་རྣམ་གྲངས་དེ་ཟླ་༤པའི་ཚེས་༨ཉིན་འགོ་ཚུགས་ཡོད་པ་དང་། དེའི་དམིགས་ཡུལ་ནི་བོད་རང་སྐྱོང་ལྗོངས་ཟེར་བའི་སློབ་གསོ་ཇེ་ཡག་ཏུ་གཏོང་ཆེད་ཡིན་ལུགས་བརྗོད་འདུག རྣམ་གྲངས་དེའི་ནང་མངའ་རིས་མཐོ་འབྲིང་སློབ་གྲྭ་དང་ཞི་ཨན་གྲོང་ཁྱེར་ཀོ་ཞིན་མཐོ་འབྲིང་དང་པོའི་བར་དྲ་ལམ་སློབ་ཁྲིད་དང་ཞིབ་འཇུག་སོགས་ཚུད་ཡོད་པ་རེད།
ཉེ་བའི་ནང་ཡང་ནས་ཡང་དུ་བོད་ནང་གི་སློབ་མ་དང་ཕ་མ། ཤེས་ལྡན་པ་ཚོས་ངོ་རྒོལ་བྱས་མིན་ལ་མ་ལྟོས་པར་རྒྱ་ནག་གཞུང་གིས་བོད་ཁུལ་སློབ་གྲྭ་ཡོད་ཚད་ནང་བོད་ཀྱི་སྐད་ཡིག་གཅིག་པུ་ལས་གཞན་བསླབ་གཞི་ཚང་མ་རྒྱ་ཡིག་རྒྱ་སྐད་ཀྱི་ལམ་ནས་ཁྲིད་བཞིན་པ་དང་། ལྷག་པར་དུ་བྱིས་སྐྱོང་ཁང་ནས་རྒྱ་ཡིག་རྒྱ་སྐད་ལས་བོད་ཡིག་བོད་སྐད་མེད་པར་བཏང་བས་མ་ཚད། བོད་ཀྱི་རིག་གནས་སློབ་ས་ཉུང་ཉུང་ཞིག་ཡོད་པའི་སློབ་ཆེན་ཁག་ཏུ་བོད་ཡིག་གི་སློབ་ཚན་དེ་གདམ་བྱའི་གྲས་སུ་བཞག་ཡོད་པ་རེད།
གསར་འགོད་པ། སྟག་ལྷ་རྒྱལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།