རྒྱ་གར་མངའ་སྡེ་ཀཤི་མིར་གྱི་དཀའ་རྙོག་སེལ་རྒྱུའི་ཐབས་ལམ།
ཀཤི་མིར་གྱི་སྤྱི་ཁྱབ་བློན་ཆེན་གྱིས་ད་ཡོད་མངའ་སྡེའི་དཀའ་རྙོག་རྒྱ་གར་ནང་འོས་བསྡུའི་ཐོག་ནས་སེལ་ཐབས་མེད་ལུགས་གཏམ་བཤད་གནང་བ།
-
2009-04-12 -
-
-
༄༅༎ཀཤི་མིར་གྱི་སྤྱི་ཁྱབ་བློན་ཆེན་གྱིས་ད་ཡོད་མངའ་སྡེའི་དཀའ་རྙོག་རྒྱ་གར་ནང་རྒྱལ་ཡོངས་འོས་བསྡུའི་ཐོག་ནས་སེལ་ཐབས་མེད་ལུགས་གཏམ་བཤད་གནང་འདུག
རྒྱ་གར་ཁོངས་གཏོགས་ཀཤི་མིར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཨོ་མར་ཨབ་རྡུ་ལ་ཡིས་ཀཤི་མིར་ནང་རྒྱ་གར་ཡོངས་ནང་བཞིན་ཕྱི་ཟླ་བཞི་པའི་ཚེས་བཅུ་དྲུག་ཉིན་འོས་བསྡུ་བྱེད་ཀྱི་ཡོད་པ་དེའི་ཐོག་ནས་ས་གནས་ཀྱི་དཀའ་རྙོག་སེལ་ཐབས་མེད་ལུགས་ཀཤི་མིར་ཆེན་པོ་ཞེས་པའི་གསར་ཤོག་གིས་བཅར་འདྲི་ཞུ་སྐབས་གསུངས་ཡོད་འདུག གལ་སྲིད་ད་ལྟའི་མངའ་སྡེའི་གཞུང་འཛིན་རྒྱལ་ཡོངས་ཀོང་རེ་སི་ཚོགས་པར་བསྐྱར་དུ་རྒྱལ་ཁ་ཐོབ་པ་ཡིན་ན་ཡང་ཀཤི་མིར་གྱི་དཀའ་རྙོག་རྙིང་པ་སེལ་རྒྱུར་ཕན་གྱི་མེད་ལུགས་གསུངས་གནང་འདུག ཡང་ཁོང་གིས་ཀཤི་མིར་གྱི་དཀའ་རྙོག་སེལ་རྒྱུར་ཐབས་ཤེས་གཉིས་སྟོན་གནང་འདུག དེ་གཉིས་ནི་རྒྱ་གར་དང་པ་ཀིསི་ཐན་གཉིས་དབར་གྲོས་མོལ་གནང་རྒྱུ་དང་ལྡི་ལི་གསར་པ་དང་ཇ་མུ་ཀཤི་མིར་དབར་གྲོས་མོལ་གནང་རྒྱུ་དེ་གཉིས་ཡིན་འདུག སྔ་ལོ་ཕྱི་ཟླ་བཅུ་གཉིས་པའི་ནང་ས་གནས་ཀྱི་འོས་བསྡུའི་སྐབས་སྤྱི་ཁྱབ་བློན་ཆེན་ཨབ་རྡུ་ལ་ཡ་རྒྱལ་ཡོངས་ཀོང་རེ་སི་ཚོགས་པར་མི་མང་གིས་རྒྱབ་སྐྱོར་ཆེ་ཤོས་ཐོབ་སྟེ་དབུས་གཞུང་གི་ཀོང་རེ་སི་ཚོགས་པ་དང་ཐོུང་གིས་གཞུང་འཛིན་གནང་བཞིན་པ་རེད། སྐབས་དེར་ཁ་བྲལ་རིང་ལུགས་པ་ཚོས་འོས་བསྡུ་ལམ་ལྷོངས་མི་གཏོང་རྒྱུའི་ཉེན་བརྡ་བཏང་ཡོད་ཀྱང་ས་གནས་ཀྱི་ཡུལ་མི་བརྒྱ་ཆ་དྲུག་བཅུ་ཙམ་གྱིས་འོས་བསྡུར་མཉམ་ཞུགས་བྱས་ཡོད་རེད། ཡང་སྤྱི་ཁྱབ་བློན་ཆེན་ཨབ་རྡུ་ལ་ཡིས་རྒྱ་གར་གྱི་སྲུང་སྐྱོབ་དུས་དེབ་ཅིག་ནང་རྒྱ་གར་འོག་ཡོད་པའི་ཀཤི་མིར་གྱི་མི་མང་ཚོས་རྒྱ་གར་ཁོངས་གཏོགས་སྡོད་འདོད་མེད་པ་དང་རང་བཙན་འདོད་ལུགས་གསུངས་ཡོད་འདུག དུས་དེབ་དེ་བདུན་ཕྲག་རྗེས་མ་ཐོན་གྱི་ཡོད་འདུག།