རྒྱ་དཀར་ནག་བར་གྱི་འབྲེལ་བར་དོ་ཕོག་གཏོང་གི་ཡོད་ལུགས།

རྒྱ་གཞུང་གིས་༸གོང་ས་མཆོག་ནས་རྒྱ་ནག་དང་རྒྱ་གར་གྱི་འབྲེལ་བར་དོ་ཕོག་གཏོང་ཐབས་གནང་བཞིན་ཡོད་སྐོར་གྱི་སྐྱོན་བརྗོད་ཞུས་འདུག

༄༅༎རྒྱ་ནག་གཞུང་གིས་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་དང་རྒྱ་གར་གྱི་འབྲེལ་བར་དོ་ཕོག་གཏོང་ཐབས་གནང་བཞིན་ཡོད་སྐོར་གྱི་སྐྱོན་བརྗོད་ཞུས་འདུག

བར་སྐབས་རྒྱ་གར་དང་རྒྱ་ནག་དབར་ས་མཚམས་རྩོད་རྙོག་གི་གནད་དོན་དང་འབྲེལ་བའི་ཐོག་ནས་ཕན་ཚུན་ལབས་གླེང་གང་ཙམ་བྱུང་ཡོད་པ་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བྱང་ཤར་མོན་རྟ་དབང་ཁུལ་དུ་ཆིབས་བསྒྱུར་སྐྱོང་གནང་མཛད་རྒྱུར་རྒྱ་གར་གཞུང་གིས་ཆོག་མཆན་ཕུལ་ཞིང་འོན་ཀྱང་རྒྱ་ནག་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་གར་གཞུང་གཉིས་ཀར་སྐྱོན་བརྗོད་ཆེན་པོ་ཞུས་ཡོད་པ་རེད།

ཡིན་ན་ཡང་ད་ཆ་རྒྱ་ནག་གཞུང་གིས་རྒྱ་གར་དང་འབྲེལ་ལམ་སྡུག་ཏུ་འགྲོ་བ་ལས་སྐྱོབ་ཐབས་ཆེད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མོན་རྟ་དབང་ཁུལ་དུ་ཆིབས་བསྒྱུང་སྐྱོང་མཛད་རྒྱུ་དེ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་དང་རྒྱ་ནག་གི་འབྲེལ་ལམ་ཇེ་སྡུག་ཏུ་གཏོང་ཐབས་གནང་རྒྱུའི་དགོངས་བཞེས་ཀྱི་ཐོག་ནས་ཕེབས་ཀྱི་ཡོད་ལུགས་བརྗོད་སྟེ་སྐྱོན་བརྗོད་ཞུས་ཕྱོགས་ཀྱི་རྣམ་པར་འགྱུར་བ་གཏོང་བཞིན་ཡོད་པ་རེད།

དཔེར་ན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་མཱ་ཀྲའོ་ཤུས་གཟའ་མིག་དམར་ཉིན་གྱི་པེ་ཅིང་དུ་ཚུགས་པའི་འཆར་ཅན་གྱི་གསར་འགོད་ལྷན་ཚོགས་ཤིག་གི་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མོན་རྟ་དབང་ཁུལ་དུ་ཆིབས་བསྒྱུར་སྐྱོང་གནང་མཛད་རྒྱུའི་ཐད་རྒྱ་གར་གཞུང་ལ་སྐྱོན་བརྗོད་ཀྱི་གཏམ་བཤད་ཚིག་གཅིག་ཀྱང་བརྗོད་མེད་ཅིང་འོན་ཀྱང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་དེས་ང་ཚོས་ཏཱ་ལའི་བླ་མ་ས་མཚམས་ཀྱི་ས་ཁུལ་དེར་བསྐྱོད་རྒྱུར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད་ཅེས་དང་དེ་ནི་ཏཱ་ལའི་བླ་མའི་ཁ་བྲལ་གྱི་ལས་དོན་ཞིག་ཡིན་པ་རེད། ཏཱ་ལའི་བླ་མ་ནི་རྫུན་གཏམ་ཡང་ཡང་ཤོད་མཁན་ཞིག་ཡིན་པར་མ་ཟད་ག་དུས་ཡིན་ཡང་རྒྱ་ནག་དང་ཡུལ་གྲུ་གཞན་གྱི་འབྲེལ་བར་དོ་ཕོག་གཏོང་ཐབས་ཀྱི་ལས་དོན་བརྩམས་བཞིན་ཡོད་ལུགས་སོགས་བརྗོད་སྟེ་མཚན་སྨད་ཤུགས་ཆེ་ཞུས་ཡོད་པ་རེད། རྒྱ་ནག་གཞུང་གིས་རྒྱ་གར་བྱང་ཤར་ཨ་རུ་ན་ཅཱལ་གྱི་ས་ཁྱོན་ཀི་ལོ་མི་ཊར་གྲུ་བཞི་མ་ཁྲི་དགུ་ཙམ་ཡོད་པའི་ས་ཁུལ་དེ་རྒྱ་ནག་གི་ཡིན་པ་བརྗོད་བཞིན་ཡོད་ཅིང་ཕྱི་ལོ་༡༩༦༢ལོར་ས་ཁུལ་དེའི་ནང་དུས་ཚོད་ཐུང་ངུ་ཞིག་གི་རིང་རྒྱ་ནག་གི་དཔུང་འཇུག་ཀྱང་བྱས་མྱོང་ཡོད་པ་རེད།

རྒྱ་གར་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་རྒྱ་གར་གཞུང་གི་ཆེད་དུ་བཀུར་བའི་སྐུ་མགྲོན་ཞིག་ཡིན་པར་མ་ཟད་ཆོས་ཕྱོགས་ཀྱི་དབུ་འཁྲིད་ཞིག་ཀྱང་ཡིན་སྟབས་རྒྱ་གར་གྱི་ས་ཕྱོགས་གང་དུ་ཡང་རང་དབང་གི་ཐོག་ནས་ཆིབས་བསྒྱུར་སྐྱོང་གནང་མཛད་ཆོག་རྒྱུ་ཡིན་པ་ནན་ཏན་གསུངས་ཡོད་པ་རེད།

ད་ལྟའི་འཆར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མོན་རྟ་དབང་ཁུལ་དུ་ཉི་ཧོང་གི་ཆིབས་བསྒྱུར་གྲུབ་རྗེས་ཕྱི་ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཉིན་ཕེབས་འབྱོར་གནང་རྒྱུའི་ཚོད་དཔག་ཞུ་བཞིན་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org