ཐའེ་ལྦན་གྱི་སྲིད་འཛིན་ཟུར་པ་ཨི་ཇིབཏ་ཏུ་ཕེབས་རྒྱུར་དགག་བྱ།
རྒྱ་གཞུང་གི་གནོན་ཤུགས་འོག་ཨི་ཇིབཏ་གཞུང་གིས་ཐའེ་ལྦན་གྱི་སྲིད་འཛིན་གཞོན་པ་ཟུར་པ་ལུ་ཨི་ཇིབཏ་ཕེབས་རྒྱུར་ཆོག་མཆན་སྤྲད་མེད་པ་རེད།
-
2009-11-03 -
-
-
༄༅༎རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཤུགས་ཆེ་གནང་མཁན་ཐའེ་ལྦན་གྱི་སྲིད་འཛིན་གཞོན་པ་ཟུར་པ་ལྕམ་ཨེ་ནེཏ་ལུ་ཨི་ཇིབཏ་ཕེབས་རྒྱུར་རྒྱ་ནག་གཞུང་གིས་དགག་བྱ་བྱས་སྟབས་ཨི་ཇིབཏ་གཞུང་གིས་རྒྱ་ནག་གི་གནོན་ཤུགས་ལ་མ་རྩིས་ཀ་མེད་ཆགས་ཡོད་པ་ཐའེ་ལྦན་མང་གཙོ་ཡར་ཐོན་ཚོགས་པས་གཟའ་མིག་དམར་ཉིན་གསལ་བསྒྲགས་བྱས་འདུག
ཐའེ་ལྦན་གྱི་མང་གཙོ་ཡར་ཐོན་ཚོགས་པའི་ལས་ཁུངས་ནས་ཐའེ་ལྦན་དང་རྒྱ་ནག་དབར་གྱི་འབྲེལ་བ་བཟང་དུ་འགྲོ་བཞིན་ཡོད་མིན་ལ་མ་བལྟོས་པར་སྲིད་འཛིན་སྐུ་གཞོན་ཟུར་པ་ལྕམ་ཨེ་ནེཏ་ལུ་ཨི་ཇིབཏ་ཏུ་ཕེབས་རྒྱུར་རྒྱ་ནག་གཞུང་གིས་དགག་བྱ་བྱས་པ་དེས་རྒྱ་ནག་གཞུང་ཕྱོགས་ནས་ཐའེ་ལྦན་གྱིས་ཕྱི་རྒྱལ་ཡུལ་གྲུ་ཁག་དང་འབྲེལ་བ་བྱ་རྒྱུར་འདོད་པ་རྩ་བ་ནས་མི་བྱེད་པའི་ལངས་ཕྱོགས་དེར་འགྱུར་བ་གང་ཡང་ཕྱིན་མེད་པ་གསལ་སྟོན་བྱས་པ་ཞིག་རེད་ཅེས་བརྗོད་འདུག
ཐའེ་ལྦན་གྱི་སྲིད་འཛིན་ཟུར་པ་གྲན་ཤུཡི་པེན་དང་སྲིད་འཛིན་གཞོན་པ་ཨེ་ནེཏ་ལུས་དབུ་འཁྲིད་པའི་ཐའེ་ལྦན་མང་གཙོ་ཡར་ཐོན་ཚོགས་པའི་གཞུང་དེས་ཐའེ་ལྦན་རྒྱ་ནག་ནས་ཐ་དད་པའི་རང་བཙན་རྒྱལ་ཁབ་བྱ་རྒྱུའི་དམིགས་ཡུལ་འཛིན་སྟབས་དེའི་ཐོག་ནས་ཨཕ་རི་ཀ་དང་དེ་མིན་གྱི་ས་ཁུལ་ཁག་གི་ནང་ཐའེ་ལྦན་གྱི་ཤུགས་རྐྱེན་ཇེ་ཆེར་བཏང་སྟེ་རིམ་པས་ས་ཁུལ་དེ་དག་ནས་རྒྱབ་སྐྱོར་འབྱུང་རྒྱུའི་སྲིད་བྱུས་ཤིག་ལག་བསྟར་གནང་ཡོད་པ་རེད་ལ་ལྕམ་ཨེ་ནེཏ་ལུ་ནི་རྒྱ་ནག་སྐམ་ས་ཆེན་པོས་ཐའེ་ལྦན་ཐོག་བཟུང་བའི་སྲིད་བྱུས་དང་དེ་བཞིན་རྒྱ་ནག་ནང་རང་དབང་མེད་པ་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཞན་པོ་ཡོད་པར་སྐྱོན་བརྗོད་ཤུགས་ཆེ་གནང་མཁན་ཞིག་ཡིན་པ་རེད།