རྒྱ་ནག་གིས་བོད་ནང་བརྟན་བརླིང་དགོས་སྐོར་ཡང་ཡང་ཤོད་བཞིན་པ་ནི། བོད་མི་ཚོས་རྒྱ་གཞུང་ལ་འདོད་མོས་རྩ་ནས་མེད་པའི་རྣམ་པ་ཡིན་སྐོར་ཉམས་ཞིབ་པས་འགྲེལ་བརྗོད་གནང་གི་འདུག

རྒྱ་ནག་གཞུང་གིས་དུས་ངེས་མེད་དུ་བོད་ནང་བརྟན་བརླིང་བཤད་བཞིན་པ་ནི། བོད་མི་ཚོས་རྒྱ་ནག་གཞུང་གི་ལས་དོན་བྱེད་ཕྱོགས་ལ་རྩ་ནས་འདོད་མོས་མེད་པའི་རྣམ་པ་ཞིག་དང་། བོད་ནང་ཡུན་རིང་བརྟན་བརླིང་ཞེས་བཤད་བཞིན་པ་ནི་མུ་མཐུད་དྲག་གནོན་བྱེད་དགོས་པའི་དོན་ཡིན་པ། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

ཕོ་བྲང་པོ་ཏ་ལའི་མདུན་དུ་དམག་སྦྱོང་བྱེད་བཞིན་པ། ༢༠༡༡།༡༠།༠༡ AP

ཕྱི་ཟླ་ ༤ ཚེས་ ༢༢ ཉིན། རྒྱ་ནག་གཞུང་འབྲེལ་བོད་རང་སྐྱོང་ལྗོངས་དམར་ཤོག་དྲུང་ཆེ་ཝང་ཅན་ཀྲོང་ཟེར་བས། བོད་རང་སྐྱོང་ལྗོངས་བརྟན་བརླིང་སྣེ་ཁྲིད་ཚོགས་པ་ཞེས་པ་དང་མཉམ་དུ་ཚོགས་འདུ་ཚོགས་ཏེ། བོད་ནང་བརྟན་བརླིང་གི་ལས་དོན་ནི་མུ་མཐུད་རྙོག་འཛིང་ཅན་ཞིག་ཡིན་པས། བོད་ཀྱི་ལས་དོན་ཀུན་གྱི་རྩ་བ་བརྟིང་བརླིང་ཆེད་འབད་བརྩོན་དགོས་སྐོར་བཤད་ཡོད་པ་དང་། བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ནས། རྒྱ་ནག་གཞུང་གིས་དུས་ངེས་མེད་དུ་བོད་ནང་བརྟན་བརླིང་བཤད་བཞིན་པ་ནི། བོད་མི་ཚོས་རྒྱ་ནག་གཞུང་གི་ལས་དོན་བྱེད་ཕྱོགས་ལ་རྩ་ནས་འདོད་མོས་མེད་པའི་རྣམ་པ་ཞིག་དང་། བོད་ནང་ཡུན་རིང་བརྟན་བརླིང་ཞེས་བཤད་བཞིན་པ་ནི་མུ་མཐུད་དྲག་གནོན་བྱེད་དགོས་པའི་དོན་ཡིན་པ། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་དེ་འབྲེལ་གནས་ཚུལ་སྤེལ་བའི་ནང་། ཞི་ཅིན་ཕིན་གྱི་དགོངས་དོན་ལ་ལག་ལེན་མཐར་ཕྱིན་པ་བྱས་ཏེ། བོད་རང་སྐྱོང་ལྗོངས་ཀྱི་ལས་རིགས་ཁག་གི་ལས་བྱེད་མི་སྣ་ཡོངས་ནས། བོད་ནང་ཡུན་རིང་བརྟན་བརླིང་གི་གཞི་རྩ་བརྟན་པོ་ཚུགས་ཐུབ་པ་བྱས་ཏེ། རྙོག་འཛིང་དང་ཁྲིམས་འགལ་གྱི་ལས་རིགས་ཡོད་ཚད་ལ་རྡུང་རྡེག་ཚ་ནན་བཏང་བ་དང་འབྲེལ། བོད་བརྒྱུད་ནང་བསྟན་རྒྱ་སྒྱུར་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ཁར་མགྱོགས་མྱུར་འདེད་པ་དང་། བོད་ནང་རྒྱ་ཧན་མི་རིགས་ཀྱི་གཅིག་གྱུར་དེ་བཞིན། ལས་དོན་དང་ལག་ལེན། བསམ་བློ་ཚང་མའི་ཐད་ནས་མངོན་འགྱུར་དགོས་སྐོར་བཤད་འདུག་ལ། ཡང་པདྨ་རྒྱལ་ལགས་ནས་རྒྱ་ནག་གཞུང་གིས་བོད་ནང་བརྟན་བརླིང་ཟེར་བའི་ཆབ་སྲིད་ཀྱི་དྲིལ་བསྒྲགས་སྤེལ་ཤུགས་དེ། འདས་པའི་ལོ་ཤས་ནས་ཆེ་རུ་གཏོང་གི་ཡོད་པ་འགྲེལ་བརྗོད་གནང་གི་འདུག

རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་པ་ནས་བཟུང་བོད་མི་ཚོར་དྲག་གནོན་དང་དམ་དྲགས་སྟངས་འཛིན་བྱས་ཏེ། བོད་མི་ཚོས་རྒྱ་ནག་གཞུང་གི་དབང་སྒྱུར་དང་ལེན་ཐབས་ཀྱི་ལས་འགུལ་སྣ་ཚོགས་སྤེལ་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་འབྲེལ་གྱི་ལས་འགུལ་དེ་རིགས་ལ་གྲུབ་འབྲས་དམིགས་བསལ་བ་ཐོན་གྱི་མེད་པས། རྒྱ་ནག་གཞུང་གིས་ལོ་ལྟར་བོད་ནང་ལས་དོན་བྱེད་བཞིན་རྩ་དོན་དང་པོ་བརྟན་བརླིང་ཆེད་ཡིན་པ་བསྒྲགས་བཞིན་ཡོད་པ་མ་ཟད། ལོ་ལྟར་ཕྱི་ཟླ་ ༣ པའི་བོད་ཀྱི་ས་བྱི་ཞི་རྒོལ་ཆེན་མོའི་དུས་ཚེས་དང་བསྟུན་བརྟན་བརླིང་ཆེད་བོད་མི་ཚོར་ཆེད་དམིགས་ཀྱིས་དྲག་གནོན་གྱི་ལས་དོན་འདྲ་མིན་སྤེལ་བཞིན་པ་མ་ཟད། སྔར་ལོ་བོད་རང་སྐྱོང་ལྗོངས་ནང་ཞི་འཇགས་དང་བརྟན་བརླིང་སྐྲུན་ཐབས་ཀྱི་ལས་དོན་བཀོད་སྒྲིག་ཟེར་བའི་ཚོགས་འདུ་དང་བསྟུན། བོད་ནང་བརྟན་བརླིང་ཡོང་བར་ལས་འགན་ཨང་དང་པོ་ཁ་བྲལ་ལ་ངོ་རྒོལ་དགོས་སྐོར་སོགས་དམར་ཤོག་དྲུང་ཆེས་བརྗོད་ཡོད་པ་རེད་ལ། ཕྱི་ལོ་ ༢༠༢༤ ལོའི་ཕྱི་ཟླ་༧ཚེས་༢༥ནས་༢༧ཉིན། རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་ཡོངས་ཆབ་སྲིད་སྲིད་གྲོས་ཀྱི་ཚོགས་གཙོ་ཝང་ཧུའུ་ནིང་ཟེར་བས་གློ་བུར་གསང་སྟབས་ངང་། བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་ལྟ་སྐོར་དང་འབྲེལ་བོད་ནང་བརྟན་བརླིང་ཆེད་འབད་བརྩོན་དགོས་པ་ནན་བརྗོད་བྱས་ཡོད་པ་རེད།

གསར་འགོད་པ། ཚེ་རིང་རྣམ་རྒྱལ། 

རྩོམ་སྒྲིག་པ། བསྟན་འཛིན་པདྨ། 

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་། 

 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org