རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག

རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་སྦྱོང་བརྡར་ས་ཚིགས་ཁག་ལ་དམིགས་པའི་"སིན་དོར་ལས་འགུལ་"(Operation Sindoor) ཞེས་པ་འགོ་བཙུགས་ཀྱིས་སྒྱོགས་མདེལ་ཕངས་རྗེས། རྒྱ་གར་དང་པ་ཀིསྟན་གྱི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པར་རྒྱ་ནག་གིས་སེམས་འཚབ་དང་། ཕྱོགས་གཉིས་ནས་དོ་དམ་གཟབ་གཟོན་བྱེད་དགོས་ཚུལ་བརྗོད་འདུག

རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་། AP

ཕྱི་ལོ་ ༢༠༢༥ ལོའི་ཟླ་ ༥ ཚེས་ ༧ ཉིན་གྱི་ཐོ་རེངས་སུ་རྒྱ་གར་གྱིས་པ་ཀིསྟིན་ནང་གི་དྲག་སྤྱོད་པའི་སྦྱོང་བརྡར་ས་ཚིགས་ཁག་ལ་དམིགས་པའི་ "སིན་དྷུར་ལས་འགུལ་" (Operation Sindoor) ཞེས་པ་འགོ་བཙུགས་ཀྱིས་སྒྱོགས་མདེལ་ཕངས་ཤིང་། མི་གྲངས་ ༢༦ གི་ཚེ་སྲོག་བཤོར་ཡོད་པ་པ་ཀིསྟིན་གཞུང་གིས་བརྗོད་འདུག ཡང་པ་ཀིསྟིན་གྱི་ངོས་ནས་རྒྱ་གར་གྱི་མཁའ་དམག་གནམ་གྲུ་ ༥ གཏོར་རྒོལ་བཏང་ཡོད་པ་པ་ཀིསྟིན་གྱི་སྲིད་བློན་ཤེ་བྷཛ་ཤ་རིཕྷ་གྱིས་གསུངས་འདུག

རྒྱ་ནག་གཞུང་གིས་རྒྱ་གར་དང་པ་ཀིསྟིན་དབར་གྱི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པར་སེམས་འཚབ་དང་། ཕྱོགས་གཉིས་ནས་དོ་དམ་གཟབ་གཟོན་བྱེད་དགོས་ཚུལ་བརྗོད་འདུག

རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་བསྒྲགས་གཏམ་སྤེལ་པའི་ནང་། རྒྱ་གར་གྱིས་དམག་གི་བྱ་སྤྱོད་སྤེལ་བར་བློ་འགྱོད་དང་། ད་ལྟའི་གནས་སྟངས་ལ་སེམས་འཚབ་ཡོད། རྒྱ་ནག་གིས་དྲག་སྤྱོད་ཀྱི་རྣམ་པ་ཡོངས་ལ་ངོ་རྒོལ་བྱེད་ཀྱི་ཡོད་ལ།  ང་ཚོས་རྒྱ་གར་དང་པ་ཀིསྟིན་གཉིས་ཀས་ཞི་བདེ་དང་བརྟན་ལྷིང་ལ་གཙོ་བཟུང་གིས་གནས་སྟངས་ཛ་དྲག་ཏུ་མི་གཏོང་བའི་འབོད་སྐུལ་བྱེད་ཀྱི་ཡོད་ཅེས་བརྗོད་འདུག

ཉེ་ལམ་དྲག་སྤྱོད་པ་ཁག་ཅིག་གིས་རྒྱ་གར་ཇམ་མུ་དང་ཀཤ་མིར་མངའ་སྡེའི་པ་ཧལ་གམ་དུ་ཡུལ་སྐོར་བ་ ༢༦ རྐྱེན་ལམ་དུ་བཏང་བའི་དོན་རྐྱེན་ལ་རྒོལ་ལན་སློག་ཆེད། རྒྱ་གར་གྱི་དམག་གིས་པ་ཀིསྟིན་ནང་གི་དྲག་སྤྱོད་པའི་ས་ཚིགས་དགུ་ལ་དམིགས་ཏེ་སྒྱོགས་མདེལ་ཕངས་ཤིང་། རྒྱ་གར་གྱི་དམག་རྒོལ་དེ་ཡིས་དྲག་སྤྱོད་པའི་ཚོགས་པ་ (Jaish-e-Mohammed) དང་། (Lashkar-e-Taiba) སོགས་ཀྱི་ས་ཚིགས་ལ་གནོད་སྐྱོན་བཏང་ཡོད་པ་རྒྱ་གར་གྱིས་བརྗོད་འདུག

ཟླ་བ་སྔོན་མར་རྒྱ་གར་གྱི་སྟངས་འཛིན་འོག་ཡོད་པའི་ཀཤ་མིར་གྱི་ས་ཁུལ་ (Pahalgam) དུ་འཇིགས་སྐུལ་དྲག་སྤྱོད་པས་ཞི་བའི་མི་སེར་ ༢༦ དམར་བསད་བཏང་བའི་དོན་རྐྱེན་དེའི་ནང་པ་ཀིསྟིན་ལ་ཐེ་བྱུས་རྩ་བ་ནས་མེད་སྐོར་བརྗོད་ཡོད་ལ། ཁ་སང་རྒྱ་གར་གྱིས་པཀིསྟིན་གྱི་ས་ཐོག་དྲག་རྒོལ་བྱེད་པ་དེར་རྒོལ་ལན་སློག་རྒྱུ་ཡིན་པ་བརྗོད་ཡོད་པ་རེད། 

རྡ་སའི་ཉེ་འདབས་ཀང་རའི་གནམ་ཐང་། ༢༠༢༥།༠༥།༠༨

རྒྱ་གར་དང་པ་ཀིསྟིན་དབར་གྱི་ཛ་དྲག་གི་གནས་སྟངས་འདིས་རྐྱེན་པས་ཕྱི་ཕྱོགས་ནས་རྒྱ་གར་དུ་འཕུར་བསྐྱོད་བྱེད་མཁན་གྱི་འགྲིམ་གྲུལ་གནམ་གྲུའི་མཁའ་ལམ་ཐོག་འགྱུར་བ་འགྲོ་བཞིན་ཡོད་པར་མ་ཟད། རྡ་རམ་ས་ལ་དང་། ལ་དྭགས་སླེ། ཇཱ་མུ་དང་ཀཤ་མིར། ཅན་དྷི་གྷར་དང་པ་ཊན་ཀོཊ་སོགས་ཀྱི་གནམ་ཐང་གནས་སྐབས་སྒོ་བརྒྱབ་དགོས་བྱུང་འདུག དེ་འབྲེལ་རྡ་རམ་ས་ལའི་གནམ་ཐང་དུ་ཡོད་པའི་དམག་དཔོན་ཨཤ་ཝི་ནི་ཀུ་མར་ (Ashwini Kumar) ལགས་ཀྱིས། ཀང་ར་གནམ་ཐང་ནས་ཉིན་རེར་གནམ་གྲུ་ ༨ འཕུར་གྱི་ཡོད་ནའང་། ཟླ་ ༥ ཚེས་ ༧ རེས་གཟའ་ལྷག་པའི་ཉིན་ནས་ཉིན་གསུམ་རིང་གནམ་ཐང་སྒོ་རྒྱག་གི་ཡོད་པས་གནམ་གྲུ་ཁྱོན་ ༢༤ འཕུར་བསྐྱོད་དོ་ཕོག་འགྲོ་གི་ཡོད་པ་གསུང་གི་འདུག

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་དང་། དབྱིན་ཇི་དང་ཨ་རི་སོགས་ཡུལ་གྲུ་མང་པོས་རྒྱ་གར་ཐོག་འཇིགས་བསྐུལ་དྲག་སྤྱོད་པས་མི་བསད་ཁྲག་སྦྱོར་གྱི་ལས་འགུལ་སྤེལ་བར་མཐའ་ཅིག་ཏུ་ངོ་རྒོལ་བྱེད་བཞིན་པ་དང་དུས་མཚུངས། ཕྱོགས་གཉིས་ཀས་མངའ་ཁུལ་གྱི་ཞི་བདེ་ལྷིང་འཇགས་ཀྱི་གནས་བབས་ལ་བསམ་ཞིབ་ཀྱིས་ཚད་མཐོ་ཤོས་ཀྱི་བཟོད་སྲན་བྱེད་དགོས་པའི་དགོས་འདུན་བཏོན་བཞིན་ཡོད་པ་རེད། 

ད་ལྟའི་ཛ་དྲག་རང་བཞིན་གྱི་གནས་སྟངས་ཀྱིས་རྐྱེན་པས་རྒྱ་གར་བྱང་ཕྱོགས་ཀྱི་ས་ཁུལ་མང་པོའི་ནང་ཚུར་རྒོལ་གྱི་གནས་ཚུལ་འབྱུང་སྐབས་ཞི་བའི་མི་སེར་ཚོས་ཉེན་གཡོལ་གདོང་ལེན་བྱེད་ཕྱོགས་ཀྱི་སྦྱོང་བརྡར་བྱེད་བཞིན་འདུག་ལ། དམག་མི་ཚོས་འཐབ་འཛིང་རང་བཞིན་གྱི་སྐམ་སྦྱོང་བྱེད་བཞིན་ཡོད་འདུག

གསར་འགོད་པ། རྡོ་རྗེ་སྒྲོལ་མ།

རྩོམ་སྒྲིག་པ། བསྟན་འཛིན་པདྨ། སྐལ་ལྡན་བློ་གྲོས། 

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་། 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org