གསུམ་བཅུ་དུས་དྲན་སླེབས་ལ་ན་ཉེ་བའི་སྐབས་བོད་ནང་བརྟན་ལྷིང་ཡོང་ཆེད་ཝང་ཅུན་ཀྲེང་ཡིས་ལྷ་སའི་དགོན་སྡེ་ཁག་ཅིག་ནང་བརྟག་ཞིབ་བྱས་འདུག

གསུམ་བཅུ་དུས་དྲན་སླེབས་ལ་ན་ཉེ་བའི་སྐབས་འདིར་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་གི་དྲུང་ཆེ་ཝང་ཅུན་ཀྲེང་ཡིས་ལྷ་སར་ཡོད་པའི་དགོན་སྡེ་ཁག་ཅིག་ནང་བརྟག་ཞིབ་བྱས་པ་དེ་ནི་གཙོ་བོ་ས་ཁུལ་དེ་དག་བརྟན་ལྷིང་ཡོང་རྒྱུའི་ཆེད་དུ་ཡིན་པ་འབྲེལ་ཡོད་བོད་གནས་ཉམས་ཞིབ་པ་གཉིས་ཀྱིས་འགྲེལ་བརྗོད་གནང་བྱུང་།

ཝང་ཅུན་ཀྲེང་གིས་ར་མོ་ཆེ་གཙུག་ལག་ཁང་དུ་བརྟག་ཞིབ་བྱེད་བཞིན་པ། ཀྲུང་གོའི་བོད་ལྗོངས་དྲ་བ།

སྤྱི་ལོ་༢༠༢༢ལོའི་སྤྱི་ཟླ་༢ པའི་ཚེས་༡༧ ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་གི་དྲུང་ཆེ་ཝང་ཅུན་ཀྲེང་བོད་ཀྱི་རྒྱས་ས་ལྷ་སར་ཡོད་པའི་དགའ་ལྡན་དགོན་པ་དང་། ར་མོ་ཆེ་གཙུག་ལག་ཁང་དུ་བརྟག་ཞིབ་ཏུ་ཕྱིན་ཏེ།  ནམ་ཡང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་མཁན་བཅས་ཀྱི་དགེ་འདུན་པ་ཡག་པོ་ཞིག་བྱེད་དགོས་པ་སོགས་ཀྱི་གཏམ་བཤད་སྤེལ་འདུག་ཅིང་། འདི་ལྟ་བུའི་བརྟག་ཞིབ་དང་བོད་ཀྱི་གྲྭ་བཙུན་ཚོར་སློབ་གསོ་སྤྲད་པའི་ལས་འགུལ་ནི་བར་ལམ་བྱེད་ཤུགས་ཆེར་བཏང་དང་གཏོང་མུས་ཡིན་པ་མ་ཟད། ལྷག་པར་དུ་བོད་མིའི་རང་དབང་སྒེར་ལ་གསུམ་བཅུ་དུས་དྲན་སླེབས་ལ་ཉེ་ཡོད་པས། བོད་ཀྱི་དགོན་སྡེ་ཁག་གི་ས་ཁུལ་དེ་དག་བརྟན་ལྷིང་ཡོང་རྒྱུར་དམིགས་པ་ཞིག་ཡིན་པ་བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་།
དེ་ཡང་སྤྱི་ལོ་༢༠༠༨ལོའི་གསུམ་བཅུ་དྲན་སྐབས་བོད་ཀྱི་གྲྭ་བཙུན་ཚོས་རྒྱ་ནག་གཞུང་གིས་དྲག་པོའི་སྲིད་བྱུས་ལ་མི་འདོད་པའི་རྣམ་པ་དང་ཞི་བའི་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་སྤེལ་ཡོད་ལ། ལྷག་པར་དུ་༢༠༠༨ ལོའི་གསུམ་པའི་ཚེས་༡༤ ཉིན་སེར་ར་དགོན་པའི་དགེ་འདུན་པ་ཚོས་སྣེ་ཁྲིད་ཀྱིས་བོད་ལ་ཆོས་དད་རང་དབང་དགོས་ཞེས་རྒྱ་གཞུང་ལ་ངོ་རྒོལ་ཤུགས་ཆེ་བྱས་ཡོད་པ་རེད།
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་བོད་གནས་ཉམས་ཞིབ་པ་བསྟན་འཛིན་ཚེ་བརྟན་ལགས་ཀྱིས། ཝང་ཅུན་ཀྲེང་ད་རེས་ལྷ་སར་དགོན་སྡེ་ཁག་ལ་བརྟག་ཞིབ་ཏུ་བསྐྱོད་པ་དེ་ནི་གསུམ་བཅུ་དུས་དྲན་སྐབས་བརྟན་ལྷིང་ཡོང་རྒྱུ་ཆེད་དུ་ཡིན་པ་དང་།  གཉིས་ནི་རིང་མིན་འཚོགས་གཏན་འཁེལ་བའི་རྒྱ་ནག་དམར་ཤོག་གི་ཚོགས་ཆེན་ཐེངས་༢༠ པའི་ཆེད་དུ་ཆབ་སྲིད་དང་འབྲེལ་བའི་ལྷིང་འཇགས་ཀྱི་ཁོར་ཡུག་སྐྲུན་དགོས་པའི་ལས་འགུལ་ཞིག་ཡིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཡང་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་གི་དྲུང་ཆེ་ཝང་ཅུན་ཀྲེང་ད་རེས་ལྷ་སར་ཡོད་པའི་བོད་ཀྱི་དགོན་སྡེ་ཁག་ཏུ་བརྟག་ཞིབ་སྐབས། དགོན་སྡེ་དོ་དམ་ཨུ་ལྷན་ཁང་ཟེར་བའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་དགོན་སྡེ་དོ་དམ་གྱི་ལས་ཀའི་འགན་ནུས་ཆེ་རུ་བཏང་སྟེ་ཁྲིམས་ལྟར་དོ་དམ་བྱས་དགོས་པ་ནན་བརྗོད་བྱས་འདུག་ཅིང་། ཉམས་ཞིབ་པ་པདྨ་རྒྱལ་ལགས་ཀྱིས། དགོན་སྡེ་དོ་དམ་ཨུ་ལྷན་ཁང་ཟེར་བ་དེའི་དམིགས་ཡུལ་ནི་བོད་ཀྱི་གྲྭ་བཙུན་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་ལྟ་སྲུང་བྱེད་རྒྱུ་དེ་ཡིན་པ་མ་ཟད། ཉེ་བའི་ཆར་རྒྱ་ནག་གཞུང་གིས་བོད་ཀྱི་དགོན་སྡེ་ཁག་ནང་ཆབ་སྲིད་ཀྱི་སློབ་གསོའི་ལས་འགུལ་ཟེར་བ་སྤེལ་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ཡང་ད་རེས་ཝང་ཅུན་ཀྲེང་གིས། བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་སྒྱུར་དགོས་པ་དང་། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཆམ་མཐུན་ཡོང་བར་ཁྲིད་སྟོན་བྱས་དགོས་པ་མ་ཟད། དགེ་འདུན་པ་ཚོས་འགག་རྩའི་དུས་སུ་ནུས་པ་ཐོན་ཐུབ་པ་ཞིག་བྱེད་པར་ལངས་ཕྱོགས་བརྟན་པོ་དང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་མཁན་གྱི་དགེ་འདུན་པ་ཡག་པོ་ཞིག་བྱེད་དགོས་པ་སོགས་ཀྱི་སློབ་གསོ་སྤྲད་པ་ནི་བོད་ཀྱི་དགེ་འདུན་པ་ཚོའི་བསམ་བློའི་འདུ་ཤེས་འཛིན་སྟངས་ལ་སྒྱུར་བ་བཏང་སྟེ་བོད་མི་རིགས་ཀྱི་བསམ་བློའི་བརྟེན་གཞི་ནང་པའི་བསྟན་པ་འདི་རྩ་མེད་བཟོ་རྒྱུ་དེ་ཡིན་པ་པདྨ་རྒྱལ་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་། 
གསར་འགོད་པ། བློ་བཟང་དགེ་ལེགས།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org