རྒྱ་གཞུང་གིས་ཡུ་གུར་མི་རིགས་གཉིས་ལ་སྲོག་ཁྲིམས་བཅད་པ།
རྒྱ་ནག་གཞུང་གིས་འཇིགས་སྐུལ་དྲག་སྤྱོད་པ་ཡིན་ལུགས་ལ་ཉེས་བཙུགས་ཀྱིས་ཡུ་གུར་མི་རིགས་གཉིས་འཕྲལ་དུ་སྲོག་ཐོག་བཏང་ཡོད་པ་རེད།
-
2008-07-15 -
-
-
༄༅༎རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པས་ཉིན་ཤས་གོང་ཡུ་གུར་མི་རིགས་གཉིས་སྲོག་ཐོག་བཏང་བའི་གནད་དོན་ཐོག་གསར་འགོད་པའི་འདྲི་བར་ལན་འདེབས་བྱས་མེད་པ་རེད་།
གཟའ་མིག་དམར་ཉིན་གྱི་གསར་འགོད་ལྷན་ཚོགས་ཐོག་གསར་འགོད་པས་ཕྱི་ཟླ་བདུན་པའི་ཚེས་༩ཉིན་ཤིན་ཅང་གི་ཀཤེ་གར་ས་ཁུལ་ནང་རྒྱ་ནག་གཞུང་གིས་འཇིགས་སྐུལ་དྲག་སྤྱོད་པ་ཡིན་ལུགས་ལ་ཉེས་བཙུགས་ཀྱིས་ཡུ་གུར་མི་རིགས་བཅོ་ལྔར་གསང་བའི་ཁྲིམས་ཞིབ་བྱས་ནས་ མི་གསུམ་ལ་སྲོག་ཐོག་གི་ཉེས་ཆད་བཅད་ཡོད་པ་དང༌། དེའི་ནང་ནས་མི་གཉིས་འཕྲལ་དུ་སྲོག་ཐོག་བཏང་ཡོད་ཅིང༌། དེ་མིན་ཚོར་བཙོན་འཇུག་ལོ་བཅུ་ནས་ཚེ་བཙོན་གྱི་ཉེས་ཆད་བཏང་ཡོད་པའི་གནད་དོན་སྐོར་འདྲི་བ་འདྲིས་པའི་སྐབས་ རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པས་དེའི་སྐོར་གྱི་ཞིབ་ཕྲའི་གནས་ཚུལ་ངས་ཤེས་རྟོགས་མ་བྱུང༌། ཡིན་ནའང་རྒྱ་ནག་དེ་བཞིན་ཁྲིམས་ལུགས་དང་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པས། རྒྱ་ནག་གི་ས་ཁུལ་ཚང་མའི་ནང་གྱོད་དོན་གང་འདྲ་ཞིག་ཡིན་ཡང་ཁྲིམས་ལུགས་དང་མཐུན་པའི་ཐོག་ནས་ཐག་གཅོད་བྱེད་ཀྱི་ཡོད་ལུགས་ལན་འདེབས་བྱས་ཡོད་པ་རེད། གོང་ཞུས་རྒྱ་ནག་གཞུང་གིས་ཁྲིམས་ཐག་བཅད་པའི་ཡུ་གུར་མི་རིགས་དེ་དག་ཤར་ཏུར་ཀི་སི་ཐན་ཨི་སེ་ལམ་ལས་འགུལ་ཚོགས་པ་ཞེས་པའི་ཚོགས་མི་ཡིན་ལུགས་རྒྱ་ནག་གཞུང་ཕྱོགས་ནས་བརྗོད་ཏེ་ཁོང་ཚོས་ཕྱི་རྒྱལ་གྱི་འཇིགས་སྐུལ་དྲག་སྤྱོད་པ་དང་ལག་འབྲེལ་གྱིས་རྒྱ་ནག་ཁ་བྲལ་གཏོང་རྩིས་ཀྱི་ལས་འགུལ་སྤེལ་གྱི་ཡོད་ལུགས་ཀྱི་ཉེས་བཙུགས་བྱས་ཡོད་པ་རེད།