ཡུ་གུར་འགོ་ཁྲིད་ལྕམ་ར་བཱི་ཡའི་ལོ་རྒྱུས་གློག་བརྙན་སྟོན་རྒྱུར་ངོ་རྒོལ།
ལྷོ་ཀོ་རི་ཡ་དང་ཐའེ་ལྦན་གྱི་གྲོང་ཁྱེར་ཀའོ་ཞུའང་གཉིས་ཀྱིས་ཡུ་གུར་འགོ་ཁྲིད་དང་འབྲེལ་ལམ་བྱ་རྒྱུར་དོགས་ཟོན་བྱེད་ཀྱི་ཡོད་པ་རེད།
-
2009-09-18 -
-
-
༄༅༎ལྷོ་ཀོ་རི་ཡ་དང་ཐའེ་ལྦན་གྱི་གྲོང་ཁྱེར་ཀའོ་ཞུའང་གཉིས་ཀྱིས་འདི་ག་ཨ་མི་རི་ཀར་གནས་སྡོད་བྱེད་མཁན་རྒྱལ་སྤྱིའི་ཡུ་གུར་ཚོགས་པའི་འགོ་ཁྲིད་ལྕམ་ར་བཱི་ཡ་ཀ་རྡིར་དང་འབྲེལ་ལམ་བྱ་རྒྱུར་རྒྱ་ནག་གཞུང་གིས་རྙོག་དྲ་བཟོ་རྒྱུའི་དོགས་ཟོན་བྱེད་ཀྱི་ཡོད་པ་རེད།
དེ་ཡང་ཐའེ་ལྦན་གྱི་གྲོང་ཁྱེར་ཆེ་ཤོས་ཨང་གཉིས་པ་ཀའོ་ཞུའང་ནང་དུ་ཚུགས་རྒྱུའི་གློག་བརྙན་དུས་སྟོན་སྐབས་སྔོན་གྱི་འཆར་གཞི་ལྟར་ཡུ་གུར་ཚོགས་པའི་འགོ་ཁྲིད་ལྕམ་ར་བཱི་ཡ་ཀ་རྡིར་གྱི་མི་ཚེའི་ལོ་རྒྱུས་ཀྱི་དངོས་བྱུང་གློག་བརྙན་སྟོན་རྒྱུའི་འཆར་གཞི་དེར་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱེད་བཞིན་ཡོད་པ་ལྟར་ད་ཆ་གྲོང་ཁྱེར་ཀའོ་ཞུའང་གིས་རྒྱ་ནག་ཕྱོགས་ནས་གནོན་ཤུགས་ཇེ་ཆེར་འགྲོ་བའི་འཇིགས་སྣང་གྱིས་ལྕམ་རེ་བཱི་ཡ་ཀ་རྡིར་གྱི་གློག་བརྙན་སྟོན་རྒྱུར་ཕྱིར་འཐེན་བྱེད་རྩིས་བྱེད་པ་མ་ཟད་དེའི་དབར་ལ་ལྷོ་ཀོ་རི་ཡའི་གཞུང་གིས་ལྕམ་ར་བཱི་ཡ་ཀ་རྡིར་ལྷོ་ཀོ་རི་ཡར་འཚམས་འདྲིར་བསྐྱོད་རྒྱུར་ཐོངས་མཆན་མ་སྤྲད་པར་བཀག་འགོག་བྱས་ཡོད་པ་རེད། ལྕམ་ར་བཱི་ཡ་ཀ་རྡིར་གྱི་ལོ་རྒྱུས་ཀྱི་དངོས་བྱུང་གློག་བརྙན་དེ་ནི་རིང་མིན་ཕྱི་ཟླ་བཅུ་པའི་ནང་ཐའེ་ལྦན་གྱི་ལྷོ་ཕྱོགས་མཚོ་ཁའི་གྲོང་ཁྱེར་ཀའོ་ཞུའང་གི་གློག་བརྙན་དུས་སྟོན་ཐོག་བཏོན་རྒྱུར་ཐའེ་ལྦན་རང་བཙན་ཕྱོགས་སུ་མདུན་བསྐྱོད་བྱེད་མཁན་གྱི་དམངས་གཙོ་ཡར་རྒྱས་ཚོགས་པའི་རྒྱབ་སྐྱོར་བྱས་པ་ཞིག་ཡིན་ཞིང་ཡིན་ནའང་དེ་རིང་རེས་གཟའ་པ་སངས་ཉིན་ཀའོ་ཞུའང་གྲོང་ཁྱེར་གྱི་མགྲིན་ཚབ་པ་ཀྲང་ཅ་སིང་གིས་རོའུ་ཀྲར་གསར་འགྱུར་ལས་ཁང་ལ་ང་ཚོས་གློག་བརྙན་སྟོན་རྒྱུ་སྔོན་དུ་འཆར་གཞི་བྱས་ཡོད་ཀྱང་ད་ཆ་བསྐྱར་ཞིབ་བྱེད་ཀྱི་ཡོད་ཅེས་བཤད་ཡོད་པ་རེད།
ལྕམ་ར་བཱི་ཡ་ཀ་རྡིར་གྱི་ལོ་རྒྱུས་ཀྱི་དངོས་བྱུང་གློག་བརྙན་དེ་ཐོག་མར་ཨོ་སི་ཀྲོ་ལི་ཡའི་ནང་དུ་བསྟོན་ཡོད་པ་དང་སྐབས་དེར་རྒྱ་ནག་ཕྱོགས་ནས་གཅིག་མཚུངས་ལྟར་ཨོ་སི་ཀྲོ་ལི་ཡའི་གཞུང་ལ་སྐྱོན་བརྗོད་དྲག་པོ་བྱས་ཡོད་ཅིང་ཡིན་ནའང་ཨོ་སི་ཀྲོ་ལི་ཡའི་གཞུང་ཕྱོགས་ནས་རྒྱ་ནག་གི་སྐྱོན་བརྗོད་ལ་མ་ལྟོས་པར་གློག་བརྙན་དེ་མི་དམངས་ལ་བསྟན་ཡོད་པ་དང་དེ་རིང་ཐའེ་ལྦན་དམངས་གཙོ་ཡར་རྒྱས་ཚོགས་པའི་རྒྱལ་སྤྱིའི་ལས་དོན་ཁང་གི་འགན་འཛིན་གྱིས་གསུངས་ན་གློག་བརྙན་ག་རེ་བལྟ་དགོས་མིན་ང་ཚོའི་རང་དབང་ཡིན་པ་དང་དེ་ནི་སྨྲ་བརྗོད་རང་དབང་གི་ཆ་ཤས་ཤིག་ཡིན་ཞིང་ང་ཚོ་ཐའེ་ལྦན་མི་དམངས་ཚོས་གློག་བརྙན་ག་རེ་བལྟ་འདོད་ཡོད་པ་དེར་རྒྱ་ནག་ཕྱོགས་ནས་ཐེ་ཇུས་བྱེད་པའི་ཐོབ་ཐང་ཡོག་མ་རེད་ཅེས་གསུངས་ཡོད་པ་རེད།