རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་ཨ་མི་རི་ཀར་ཕེབས་འཆར།

རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་གྱིས་ལོ་འདིའི་ནང་ཨ་མི་རི་ཀར་རྒྱལ་དོན་གཟིགས་སྐོར་ཐོག་མ་གནང་འཆར་ཡོད་པ་རེད་འདུག

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན། ༢༠༡༣།༦ AFP

རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་གྱིས་ལོ་འདིའི་ནང་ཨ་མི་རི་ཀར་རྒྱལ་དོན་གཟིགས་སྐོར་ཐོག་མ་གནང་འཆར་ཡོད་པ་རེད་འདུག        
དེ་ཡང་རྒྱ་ནག་ཉིན་རེའི་གསར་ཤོག་གིས་ཚེས༨རེས་གཟའ་ཉི་མ་ཉིན་ཨ་རིར་ཡོད་པའི་རྒྱ་ནག་གཞུང་གི་སྐུ་ཚབ་སྐུ་ཞབས་Cui Tiankaiཡི་བཀའ་མོལ་གསུངས་པ་ལུང་འདྲེན་གནང་ནས། རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་མཆོག་གིས་ལོ་འདིའི་ནང་ཨ་མི་རི་ཀར་རྒྱལ་དོན་གཟིགས་སྐོར་ཐོག་མ་དེ་གནང་རྒྱུའི་སྐོར་ད་ལྟ་ནས་རྒྱལ་ཁབ་གཉིས་ཀྱི་དཔོན་རིགས་བར་བཀའ་མོལ་གནང་བཞིན་པ་ལུང་འདྲེན་གནང་འདུག ཨ་རིའི་རྒྱལ་དོན་སྲུང་སྐྱོབ་སློབ་སྟོན་པ་ལྕམ་Susan Riceཡིས་ཨ་མི་རི་ཀ་གཞུང་གིས་རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་དང་ཉི་ཧོང་གི་སྲིད་བློན་Shinzo Abeརྣམ་གཉིས་ལ་ཨ་རིའི་ནང་རྒྱལ་དོན་འཚམས་འདྲིར་ཕེབས་གནང་ཡོང་བའི་གདན་ཞུ་ཕུལ་ཡོད་སྐོར་གསུངས་འདུག རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་གྱིས་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་སྔ་ལོ་ཕྱི་ཟླ་༡༡ནང་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོ་མངའ་ཁུལ་གྱི་ཡུལ་གྲུ་ཁག་གི་དཔལ་འབྱོར་མཉམ་འབྲེལ་ལྷན་ཚོགས་ཀྱི་དུས་སྐབས་དང་དེ་སྔོན་ཕྱི་ལོ་༢༠༡༣ལོའི་ཕྱི་ཟླ་༦པའི་ནང་ཨ་རིའི་མངའ་སྡེ་Californiaའི་Rancho Mirageཞེས་པ་དེར་རྒྱལ་དོན་འཚམས་གཟིགས་ཀྱི་རྣམ་པ་མིན་པའི་ཐོག་མཇལ་མོལ་བྱུང་ཡོད་པ་རེད། རྒྱ་ནག་དང་ཨ་རི་བར་འཛམ་གླིང་ནང་ཚ་དྲོད་ཆེ་རུ་གཏོང་བའི་དུག་རྫས་ཁག་ཉུང་དུ་གཏོང་རྒྱུ་སོགས་ཀྱི་གནད་དོན་ཐོག་ཕན་ཚུན་བཀའ་བསྡུར་གནང་བཞིན་ཡོད་པ་དང་། ཕྱོགས་ཕན་ཚུན་བར་གློག་ལས་འཕྲུལ་འཁོར་ནང་གསང་བ་རྐུ་འཁྱེར་དང་རྒྱ་ནག་གིས་རྒྱ་ནག་གི་ཤར་དང་ལྷོ་རྒྱ་མཚོ་གཉིས་ཀྱི་བདག་དབང་གི་གནད་དོན་སོགས་ཀྱི་ཐོག་རྩོད་གླེང་ཡོད་པ་རེད།

གསར་འགོད་པ་ལྷུན་གྲུབ་ཚེ་རིང་།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org