རྒྱ་ནག་གཞུང་གིས་མངའ་རིས་སྒར་རྫོང་གི་དགེ་སློབ་༤༠༠ལྷག་ལ་༧གོང་ས་མཆོག་དང་ཁ་བྲལ་ལ་འཐབ་རྩོད་དགོས་པའི་ཚོགས་འདུ་ཚོགས་ཡོད་འདུག
ཐེངས་འདིར་རྒྱ་ནག་གཞུང་གིས་དྲིལ་བསྒྲགས་སློབ་གསོ་སྤྲོད་སའི་སློབ་གྲྭ་ཁག་གི་ནང་། མངའ་རིས་སྒར་རྫོང་སློབ་འབྲིང་དང་། ཁུང་ཧྥན་སེན་སློབ་ཆུང་། མངའ་རིས་ས་ཁུལ་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ། མངའ་རིས་ཚོད་ལྟའི་སློབ་ཆུང་སློབ་གྲྭ དང་ཚོད་ལྟའི་བུ་བཅོལ་ཁང་སོགས་ནས་སློབ་མ་བཏང་ཡོད་འདུག
- 2023-11-06
-
-
-
འདི་ལོའི་ཕྱི་ཟླ་ ༡༠ ཟླ་དཀྱིལ་ནང་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་སྒར་རྫོང་གི་སློབ་གྲྭ་ཆུང་འབྲིང་དང་། བྱིས་སྐྱོང་ཁང་གི་དགེ་རྒན་དང་སློབ་ཕྲུག་༤༠༠ལྷག་བསྡུ་སྐོང་གིས་ཁ་བྲལ་འཐབ་རྩོད་ཀྱི་དྲིལ་བསྒྲགས་ཚོགས་འདུ་ཞེས་པ་ཞིག་བསྡུས་ཡོད་པ་དང་། ཚོགས་འདུའི་སྟེང་སྲིད་གཞུང་གི་མི་སྣ་དང་གཏམ་བཤད་མཁན་ཚོས། དགེ་སློབ་ཚོས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཁ་བྲལ་ཕྱོགས་ཁག་གི་དོན་དངོས་གསལ་བོ་ཤེས་པ་བྱས་ཏེ། མི་རབས་རྗེས་མ་ཚོར་ཁ་བྲལ་གྱི་བསམ་བློ་རྩ་ནས་མེད་པའི་སློབ་གསོ་ལ་ཤུགས་སྣོན་དགོས་པ་དང་།སློབ་གྲྭའི་ནང་ཚོགས་སྒེར་སུ་ལ་ཡང་ཆོས་ལུགས་བྱེད་སྒོ་སྤེལ་བཅུག་རྒྱུ་མེད་སྐོར་བརྗོད་ཡོད་པ། བོད་ནང་གི་འབྲེལ་ཡོད་བོད་མི་གཅིག་ནས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་ཡིག་ཐོག་བརྒྱུད་འགྲེལ་བརྗོད་གནང་བྱུང་།
འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་ཤེས་རྟོགས་བྱུང་བ་གཞིགས་ན། ཐེངས་འདིར་རྒྱ་ནག་གཞུང་གིས་དྲིལ་བསྒྲགས་སློབ་གསོ་སྤྲོད་སའི་སློབ་གྲྭ་ཁག་གི་ནང་། མངའ་རིས་སྒར་རྫོང་སློབ་འབྲིང་དང་། ཁུང་ཧྥན་སེན་སློབ་ཆུང་། མངའ་རིས་ས་ཁུལ་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ། མངའ་རིས་ཚོད་ལྟའི་སློབ་ཆུང་སློབ་གྲྭ དང་ཚོད་ལྟའི་བུ་བཅོལ་ཁང་སོགས་ནས་སློབ་མ་བཏང་ཡོད་འདུག འབྲེལ་ཡོད་ནས་རྒྱ་ནག་གཞུང་འབྲེལ་གྱིས་སྤེལ་བའི་གནས་ཚུལ་ཞིག་བསྐུར་བའི་ནང་། དགེ་སློབ་ཚོས་བསམ་བློ་གཅིག་མཐུན་ངང་ནས་རྒྱ་ནག་གཅིག་གི་འདུ་ཤེས་སྲ་བརྟན་དང་། དགེ་རྒན་ཚོས་སློབ་མར་སློབ་ཁྲིད་བྱེད་སྐབས་ཏང་གི་བསམ་བློ་ཆབ་སྲིད་དང་ཚན་རིག་མཉམ་འབྲེལ་དགོས་པ་ལས། སློབ་གསོ་དང་ཆོས་ལུགས་སོ་སོར་ཕྱེས་ཏེ་ཆོས་ལུགས་ཀྱིས་སློབ་གསོར་ཐེ་གཏོགས་གཏན་ནས་བྱེད་བཅུག་མི་ཉན་སྐོར་བརྗོད་འདུག་ལ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ནས། རྒྱ་ནག་གཞུང་གིས་དེ་སྔ་ནས་ཁ་བྲལ་བར་འཐབ་རྩོད་དགོས་པའི་ལས་འགུལ་དང་དྲིལ་བསྒྲགས་སྣ་ཚོགས་བྱས་ཡོད་ཀྱང་། སྲིད་བྱུས་དེ་དག་ལམ་ལྷུང་བྱུང་མྱོང་མེད་སྐོར་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་འབྲེལ་གྱིས་སྤེལ་བའི་གནས་ཚུལ་དེའི་ནང་མུ་མཐུད། མངའ་རིས་ས་ཁུལ་གྱི་སློབ་གསོ་ལས་ཁུངས་ཟེར་བས། སློབ་གྲྭ་ཚང་མའི་ཤེས་ཡོན་སློབ་ཁྲིད་རྒྱལ་ཁབ་བདེ་འཇགས་དང་། ཁ་བྲལ་བར་འཐབ་རྩོད་ཀྱི་བསམ་བློ་ཡོངས་ཁྱབ་ངང་བེད་སྤྱོད་གཏོང་གི་ཡོད་པ་དང་། ཁ་བྲལ་ལ་འཐབ་རྩོད་གྱི་ལག་ལེན་དེ་གཞུང་ལུགས་དང་མཉམ་འབྲེལ་གྱིས་མཐུན་སྒྲིལ་ངང་འཐབ་རྩོད་དགོས་པ་སོགས་བརྗོད་འདུག་ལ། ཡང་ཟླ་བ་ཚེ་རིང་ལགས་ནས་མུ་མཐུད་རྒྱ་ནག་གཞུང་གིས་༧གོང་ས་མཆོག་དང་བཙན་བྱོལ་བོད་མིར་ཁ་བྲལ་བ་ཞེས་འཐབ་རྩོད་དགོས་སྐོར་བཤད་པ་དེ་རྒྱུན་ལྡན་ལྟ་བུ་ཡིན་ན་ཡང་། བར་སྐབས་ནས་བཤད་སྟངས་དེས་བོད་ནང་གི་བོད་མི་ཚོའི་སེམས་ནང་དུ་༧གོང་ས་མཆོག་སྔར་ལས་ཤུགས་ཆེར་འཇོག་གི་ཡོད་སྟབས།གནས་སྐབས་རྒྱ་ནག་གི་གསར་ལམ་ཁག་ཏུ་མཚམས་བཞག་ཡོད་ན་ཡང་། དེང་སྐབས་བསྐྱར་དུ་བཤད་ཡོང་གི་ཡོད་པ་དེས་བོད་མི་ཚོའི་སེམས་སུ་༧གོང་ས་མཆོག་ལ་དད་གུས་རྩ་མེད་བཟོ་ཐུབ་ཀྱི་མེད་པས་ཡིན་པ་བརྗོད་བྱུང་།
རྒྱ་ནག་གཞུང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་མི་ཚོ་ཁ་བྲལ་བ་ཡིན་སྐོར་བརྗོད་ནས། བོད་ནང་གི་བོད་མི་ཚོར་རྣམ་པ་འདྲ་མིན་ངང་ནས་ཁ་བྲལ་འཐབ་རྩོད་ཀྱི་དྲིལ་བསྒྲགས་དང་སློབ་གསོ་སྤྲོད་བཞིན་ཡོད་པ་རེད་ལ། འདི་ལོའི་ཕྱི་ཟླ་༦་ནང་རྒྱ་ནག་གཞུང་གིས་ནག་ཆུ་ཤན་རྩ་རྫོང་དང་སོག་རྫོང་གི་དགོན་པ་ཁག་ཏུ་གྲྭ་ཤག་ནང་ཞིབ་བཤེར་དང་ཁ་བྲལ་བར་ངོ་རྒོལ་དགོས་པའི་ས་ཡིག་བརྒྱབ་བཅུག་པ་སོགས་བྱས་ཡོད་པ་རེད་ལ། དེ་བཞིན་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་དང་། ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་གཉིས་ནས། ཕྱི་ལོ་༢༠༢༣ལོའི་སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགས་བརྡ་ཁྱབ་དང་གོ་འཇོ་རྫོང་བོད་སྨན་ཁང་གཉིས་ཀྱི་ལས་ཞུགས་བརྡ་ཐོ་བཏང་བའི་ནང་། ༧གོང་ས་མཆོག་ལ་སྐྱོན་བརྗོད་དང་། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དགོས་པའི་ཆ་རྐྱེན་བཏོན་ཡོད་པ་རེད་ལ། དེ་བཞིན་ཕྱི་ལོ་༢༠༢༢ལོའི་ཟླ་༧ནང་ནག་ཆུ་ཨ་མདོ་རྫོང་རྩ་རིང་གྲོང་ཚོ་ནས་ཡིན་པ། ལོ་ན་༢༠ཙམ་ཡིན་པའི་བོད་རིགས་བུ་མོ་གཡུ་སྒྲོན་ལགས་ནས་༧གོང་ས་མཆོག་གི་སྐུ་པར་ཉར་ཡོད་པའི་ཉེས་འཛུགས་འོག་འཛིན་བཟུང་བཙན་ཁྲིད་བྱས་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་པ་རེད།
གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།