བོད་རྒྱའི་ས་མཚམས་སུ་མཚོ་ཁའི་མཐོ་ཚད་མཐོ་རུ་འགྲོ་ཉེན་ཡོད་པ།

རྒྱ་ནག་དང་བོད་ཀྱི་ས་མཚམས་ས་ཁུལ་དུ་ས་ཡོམ་གྱི་རང་འབྱུང་གནོད་འཚེ་བྱུང་བའི་རྗེས་སུ་ཆར་པས་མཚོ་ཁའི་མཐོ་ཚད་མུ་མཐུད་མཐོ་རུ་འགྲོ་བཞིན་པའི་ཉེན་ཁ་ཡོད་པ་རེད།

༄༅༎རྒྱ་ནག་དང་བོད་ཀྱི་ས་མཚམས་ས་ཁུལ་དུ་ས་ཡོམ་གྱི་རང་འབྱུང་གནོད་འཚེ་བྱུང་བའི་རྗེས་སུ་ཆར་པས་མཚོའི་ཁ་མཐོ་རུ་འགྲོ་བཞིན་པའི་ཉེན་ཁ་གཡོལ་ཐབས་སུ་མཚོའི་ཁ་ཞེང་ཆེ་རུ་གཏོང་བའི་ལས་དོན་སྤེལ་བར་དེ་རིང་ཐོག་མར་ལམ་ལྷོང་བྱུང་བའི་གནས་ཚུལ་བཤད་ཡོད་ཀྱང་གང་ལྟར་མཚོ་ཁའི་མཐོ་ཚད་མུ་མཐུད་མཐོ་རུ་འགྲོ་བཞིན་པས་ཉེན་ཁ་མུ་མཐུད་གནས་བཞིན་ཡོད་པའི་སྐོར་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཤིག་གིས་ཉེན་བརྡ་བཏང་ཡོད་པ་རེད།

རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་སྤྱི་ཁྱབ་འགན་འཛིན་གཞོན་པ་ ཀོ་ཀྲེན་ཕཱེང་ གིས་གསུངས་ན། རྒྱ་ནག་གི་དམག་དཔུང་ཚོས་ཐང་ཅ་ཧྲན་མཚོའི་ཉེན་ཁ་འགོག་ཐབས་ཀྱི་ཁ་འགྱུར་གཏོང་ཐབས་བྱེད་བཞིན་པའི་ལས་དོན་གྱི་འཆར་གཞི་རྣམས་ཡག་པོ་ཡང་གོ་ཡོད་ཀྱང་མཚོ་ཁ་མུ་མཐུད་མཐོ་རུ་འགྲོ་བཞིན་པ་དེ་ཡིས་ཆུའི་གཞུང་དུ་གནས་པའི་མི་དམངས་བརྒྱ་ཕྲག་མང་པོར་ཉེན་ཁ་ཡོད་པའི་སྐོར་གསུངས་ཡོད་པ་རེད། ཁ་སྔོན་ཕྱི་ཟླ་ལྔ་པའི་ཚེས་༡༢ ཉིན་བོད་དང་རྒྱ་ནག་གི་ས་མཚམས་ས་ཁུལ་དུ་ས་ཡོམ་འགུལ་ཚད་བརྒྱད་རྒྱབ་པའི་རྗེས་སུ་ས་ཁུལ་དེའི་ནང་མཚོ་ཁ་མཐོ་རུ་འགྲོ་བའི་ཉེན་ཁ་དེ་ནི་ཧ་ཅང་གི་གནད་དོན་ཛ་དྲག་ཅིག་ཏུ་གྱུར་ཡོད་པ་མ་ཟད། རྒྱ་ནག་གི་གནམ་གཤིས་ལས་ཁུངས་ཀྱིས་ཕྱི་ཟླ་དྲུག་པ་དང་བདུན་པའི་ནང་ཆར་ཤོད་ཡོང་རྒྱུ་ཡིན་པའི་ཉེན་བརྡ་ཡང་བཏང་ཡོད་པ་རེད། ས་ཡོམ་གནོད་འཚེ་དེའི་ཐོག་ནས་མི་དམངས་ས་ཡ་མང་པོ་སྡོད་ཁྱིམ་མེད་པར་གྱུར་བ་མ་ཟད། དེ་རིང་བར་མི་དམངས་དྲུག་ཁྲི་དགུ་སྟོང་བརྒྱ་དང་གསུམ་ཅུ་སོ་དྲུག་རྐྱེན་ལམ་དུ་ཕྱིན་པ་དང་མི་དམངས་ཆིག་ཁྲི་བདུན་སྟོང་དྲུག་རྒྱ་བརྒྱད་བཅུ་རྒྱ་དྲུག་ཤི་སོན་གང་ཡིན་རྙེད་སོན་བྱུང་མེད་པའི་སྡོམ་རྩིས་བཏོན་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org