བོད་ནང་གང་ཅིའི་རང་དབང་ལོངས་སུ་སྤྱོད་ཀྱི་ཡོད་སྐོར་བཤད་པ།
བོད་རང་སྐྱོང་ལྗོངས་ཟེར་བའི་སྤྱི་ཁྱབ་གཞོན་པས་བོད་ནང་གི་བོད་མི་རྣམས་ལ་གང་ཅིའི་རང་དབང་ལོངས་སུ་སྤྱོད་ཀྱི་ཡོད་སྐོར་ལན་འདེབས་གནང་བ།
-
2008-11-10 -
-
-
༄༅༎ཉེ་ལམ་ཨོ་སི་ཀྲོ་ལི་ཡའི་སྲིད་བློན་ཀེ་ལྦིན་ར་ཌེ་མཆོག་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་ཐོག་བརྡལ་བཤིག་གཏོང་གི་ཡོད་པའི་སྐྱོན་བརྗོད་ཀྱི་གཏམ་བཤད་གནང་བ་དེར་བོད་རང་སྐྱོང་ལྗོངས་ཟེར་བའི་སྤྱི་ཁྱབ་གཞོན་པ་པད་མ་འཕྲིན་ལས་ཀྱིས་ངོས་ལེན་གནང་མེད་པ་མ་ཟད་བོད་ནང་གི་བོད་མི་རྣམས་ལ་གང་ཅིའི་རང་དབང་ལོངས་སུ་སྤྱོད་ཀྱི་ཡོད་སྐོར་ལན་འདེབས་གནང་ཡོད་པ་རེད། གོང་ཞུས་པད་མ་འཕྲིན་ལས་ལགས་ཀྱི་བཀའ་མོལ་དེ་ཨོ་སི་ཀྲོ་ལི་ཡའི་གསར་ཤོག་ཅིག་གིས་ཁོང་ལ་བོད་ཀྱི་རྒྱལ་ས་ལྷ་སའི་ནང་བཅར་འདྲི་ཞུས་སྐབས་ལན་འདེབས་གནང་བ་ཞིག་དང་དེ་ནི་བོད་རང་སྐྱོང་ལྗོངས་ཟེར་བའི་དཔོན་རིགས་ཤིག་གིས་ཨོ་སི་ཀྲོ་ལི་ཡའི་སྲིད་བློན་ཀེ་ལྦིན་ར་ཌེ་མཆོག་གི་བཀའ་མོལ་གསུང་པ་དེར་ཐད་ཀར་ལན་འདེབས་གནང་བ་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།
ཡིན་ནའང་སྲིད་བློན་ར་ཌེ་མཆོག་གི་མགྲིན་ཚབ་པས་ཨོ་སི་ཀྲོ་ལི་ཡ་ངོས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་མུ་མཐུད་ཤུགས་སྣོན་སྐྱོན་རྒྱུ་དང་ཁོང་གིས་ང་ཚོས་རྒྱ་ནག་ངོས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་བརྩི་ཞུ་དགོས་པ་དང་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་ཁོང་གི་སྐུ་ཚབ་རྣམས་པའི་དབར་གྲོས་མོལ་མུ་མཐུད་གནང་དགོས་པའི་སྐུལ་ལྕག་བྱེད་ཀྱི་ཡིན་ཞེས་གསུང་འདུག ཨོ་སི་ཀྲོ་ལི་ཡའི་གསར་ཤོག་གི་གསར་འགོད་པ་རྣམས་བདུན་སྔོན་མ་དེར་ཉིན་གྲངས་བཞིའི་རིང་བོད་ཀྱི་རྒྱལ་ས་ལྷ་སའི་ནང་བཞུགས་སྐབས་ས་ཁུལ་དུ་རྒྱ་ནག་གི་དཔུང་དམག་ཤུགས་ཆེ་འགྲེམས་འཇོག་བྱས་ཡོད་པ་གཟིགས་ཡོད་པ་དང་ཁང་པའི་རྩེ་ཐོག་ནས་ལག་ཐོག་མེ་མདའ་འཁུར་མཁན་དང་ལམ་ཆེན་ཁག་ནང་དཔུང་དམག་ཤུགས་ཆེ་འགྲེམས་འཇོག་བྱས་ཡོད་པ་གཟིགས་ཡོད་པ་རེད། ཡང་གནས་ཚུལ་ནང་མུ་མཐུད་འཁོད་དོན་ལ་གཞིགས་ན་བོད་རང་སྐྱོང་ལྗོངས་ཟེར་བའི་སྤྱི་ཁྱབ་གཞོན་པ་པད་མ་ཚེ་དབང་གིས་བོད་ནང་སྲུང་སྐྱོབས་ཀྱི་ལས་དོན་གཞི་རྒྱ་ཆེ་རུ་བཏང་དགོས་པའི་རྒྱུ་མཚན་ནི་ཉེ་སྔོན་ཕྱི་ཟླ་གསུམ་པའི་ནང་བྱུང་བ་བཞིན་མི་མང་གི་རྒོལ་ལངས་ཀྱི་ཉེན་ཁར་གདོང་ལེན་ཆེད་ཡིན་སྐོར་ངོས་ལེན་གནང་ཡོད་པ་རེད།