རྒྱ་ནག་གཞུང་གི་མངོན་འདོད་ལ་གུས་བརྩི་དགོས་ལུགས།

རྒྱ་གཞུང་གིས་ཨ་རིས་ཐའེ་ལྦན་དང་བོད་ཀྱི་གནད་དོན་ཐད་རྒྱ་གཞུང་གིས་བཅངས་པའི་མངོན་འདོད་ལ་གུས་བརྩི་དགོས་ལུགས་བརྗོད་འདུག

༄༅༎རྒྱ་ནག་གཞུང་གིས་རྒྱ་ནག་དང་ཨ་མི་རི་ཀའི་དབར་ཕན་ཚུན་ཡིད་ཆེས་གོང་འཕེལ་མུ་འཐུད་གཏོང་ཐབས་སུ་ཨ་མི་རི་ཀའི་ངོས་ནས་ཐའེ་ལྦན་དང་བོད་ཀྱི་གནད་དོན་ཐད་རྒྱ་ནག་གཞུང་གིས་བཅངས་པའི་མངོན་འདོད་ལ་གུས་བརྩི་བྱེད་དགོས་ལུགས་བརྗོད་འདུག།
གཟའ་མིག་དམར་ཉིན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་དབྱང་ཅེ་ཁྲིས་རྒྱ་ནག་དང་ཨ་མི་རི་ཀའི་དབར་གྱི་འབྲེལ་ལམ་བཟང་དུ་འགྲོ་བཞིན་ཡོད་ན་ཡང༌། ཨ་མི་རི་ཀའི་ངོས་ནས་ཐའེ་ལྦན་དང་བོད་སོགས་ཀྱི་གནད་དོན་ཐད་རྒྱ་ནག་གཞུང་གིས་བཅངས་པའི་མངོན་འདོད་ཁག་ལ་གུས་བརྩི་དགོས་ཀྱི་རེད་ཅེས་བརྗོད་འདུག།
རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཚད་གཞི་ཕྲན་བུའི་ཆུང་དུ་འགྲོ་བཞིན་པ་དང༌། རྒྱལ་ཁབ་ཀྱི་དཔོན་རིགས་འཕོ་འགྱུར་འབྱུང་ལ་ཉེ་བའི་གནས་སྐབས་འདིར་རྒྱ་ནག་གི་ཆེ་ཐོངས་དང་བདེ་འཇགས་ཀྱི་གནས་བབས་སོགས་ལ་སྟབས་མི་ལེགས་པའི་གནས་ཚུལ་གང་ཡང་མི་འབྱུང་ཆེད་ཨ་མི་རི་ཀའི་འབྲེལ་ལམ་འདི་དོ་མཉམ་པ་ཞིག་གི་གནས་ཐབས་བྱེད་བཞིན་ཡོད་ལུགས་གནད་དོན་དབྱེ་ཞིབ་པ་ཚོས་ཡིད་ཆེས་བྱེད་བཞིན་ཡོད་པ་རེད།
རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱིས་གཟའ་མིག་དམར་ཉིན་ ལོ་རེའི་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཀྱི་གསར་འགོད་ལྷན་ཚོགས་ཤིག་ཐོག་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་ལམ་ཡར་རྒྱས་འགྲོ་མིན་དེ་དག་གཙོ་བོ་ཨ་མི་རི་ཀས་རྒྱ་ནག་གི་མངོན་འདོད་ཁག་ལ་བརྩི་སྲུང་དགོས་རྒྱུ་ཧ་ཅང་གལ་འགངས་ཆེན་པོ་ཡིན་ལུགས་བརྗོད་པ་ཙམ་ལས་ རྒྱ་ནག་གིས་ཨ་མི་རིཀའི་མངོན་འདོད་ཁག་ལ་བརྩི་སྲུང་དགོས་མིན་སྐོར་གང་ཡང་བརྗོད་མེད་པ་རེད།
རྒྱ་ནག་ནང་དེང་སྐབས་རྒྱ་ནག་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཚོགས་འདུ་ཚུགས་བཞིན་ཡོད་པ་དང༌། ཚོགས་འདུ་དེའི་ཞོར་དུ་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་འགའ་ཤས་ཀྱིས་གསར་འགོད་པའི་དྲི་བར་ལེན་འདེབས་བྱེད་པའི་ལམ་ལུགས་ཞིག་ཡོད་པ་རེད།
རྒྱ་ནག་དང་ཨ་མི་རི་ཀའི་དབར་གྱི་ཚོང་འབྲེལ་གྱི་གནད་དོན་ནི་རྒྱལ་ཁབ་གཉིས་ཀའི་ཁེ་ཕན་དང་འབྲེལ་བའི་གནད་དོན་གལ་ཆེ་ཞིག་ཡིན་ཡང༌། ཕྱོགས་གཉིས་དབར་གཞི་རིམ་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན། དེ་བཞིན་དམག་དོན་བདེ་འཇགས་ཀྱི་གནད་དོན་སོགས་ཀྱི་ཐད་མི་མཐུན་པ་ཆེན་པོ་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org