སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་འབྲེལ་ཡོད་བོད་མི་རྣམས་ལ་རྒྱ་ནག་གཞུང་གིས་མུ་མཐུད་དམ་དྲག་བྱེད་མུས་ཡིན་འདུག
ཕྱི་ལོ་༢༠༢༢ ཟླ་བ་ ༧ པའི་ཚེས་ ༡༢ ཉིན་ནི་མདོ་ཁམས་ལི་ཐང་གི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱ་ནག་གི་བཙོན་ཁང་ནང་དགོངས་པ་རྫོགས་ནས་ལོ་ངོ་ ༧ ཧྲིལ་པོ་འཁོར་བའི་ཉིན་མོ་ཡིན་ནའང་། ད་ལྟའི་ཆར་རྒྱ་ནག་གཞུང་གིས་མུ་མཐུད་དམ་པ་ཁོང་གི་སེམས་ཐག་ཉེ་བའི་མི་སྣ་དང་སློབ་མ། མི་སྒེར་དང་ཁྱིམ་ཚང་སོགས་ལ་དམ་དྲག་དང་སུན་ཙེར་བྱེས་མུས་ཡིན་འདུག
- 2022-07-12
-
-
-
Your browser doesn’t support HTML5 audio
ཕྱི་ལོ་༢༠༢༢ ཟླ་བ་ ༧ པའི་ཚེས་ ༡༢ ཉིན་ནི་མདོ་ཁམས་ལི་ཐང་གི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱ་ནག་གི་བཙོན་ཁང་ནང་དགོངས་པ་རྫོགས་ནས་ལོ་ངོ་ ༧ ཧྲིལ་པོ་འཁོར་བའི་ཉིན་མོ་ཡིན་ནའང་། ད་ལྟའི་ཆར་རྒྱ་ནག་གཞུང་གིས་མུ་མཐུད་དམ་པ་ཁོང་གི་སེམས་ཐག་ཉེ་བའི་མི་སྣ་དང་སློབ་མ། མི་སྒེར་དང་ཁྱིམ་ཚང་སོགས་ལ་དམ་དྲག་དང་སུན་ཙེར་བྱེས་མུས་ཡིན་འདུག དཔེར་ན། ལི་ཐང་རྫོང་དང་ས་འབྲེལ་ཆགས་པའི་ཉག་ཆུ་རྫོང་དཔོན་སྐོར་སྡེ་བ་ནས་ཡིན་པའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སློབ་མ་དགེ་བཤེས་ཚེ་རིང་རྡོ་རྗེ་ལགས་ཀྱི་ཕ་ཡུལ་ཁུལ་དུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་དང་དམིགས་བསལ་གྱི་འབྲེལ་བ་ཡོད་པའི་ཁྱིམ་ཚང་དང་བོད་མི་སོགས་ལ་རྒྱ་ནག་གཞུང་གིས་རྒྱུན་ཆད་མེད་པར་སུན་ཙེར་དང་། ཐ་ན་གཞུང་གིས་ཡར་རྒྱས་དང་འབྲེལ་བའི་རོགས་རམ་མ་བྱེད་པ་ལ་སོགས་པའི་དཀའ་སྡུག་ཤུགས་ཆེར་མྱོང་བཞིན་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཆབ་སྲིད་བཙོན་ཟུར་དགེ་བཤེས་ཚེ་རིང་རྡོ་རྗེ་ལགས་ནི་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་ནས་ཡིན་འདུག་ཅིང་། དགེ་བཤེས་ལགས་ཁོང་ལོ་ངོ་ ༡༢ ལྷག་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་སྐུ་མདུན་ནས་སློབ་གཉེར་བྱས་ཏེ་ཁོང་གཉིས་དབར་དམ་ཚིག་གཙང་བའི་བླ་སློབ་ཀྱི་འབྲེལ་བ་ཞིག་བྱུང་འདུག་ལ། ཕྱི་ལོ་ ༡༩༩༦ ལོར་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་ཉེས་མིང་འོག་ཁོང་འཛིན་བཟུང་བྱས་ཏེ་ཟླ་བ་ ༧ ཙམ་རིང་འདྲི་གཅོད་གཅར་རྡུང་སྣ་ཚོགས་བྱས་ཏེ། མཐར་གློད་གྲོལ་བཏང་ཡོད་འདུག
སྤྲུལ་སྐུ་ཁོང་གིས་སྐྱེས་ཁམས་ཁོར་ཡུག་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ་སོགས་ཀྱི་ཐོག་བཀའ་སློབ་ལམ་སྟོན་རིམ་པར་གནང་སྟེ་མི་མང་ལ་ཕན་འབྲས་ཆེན་པོ་བྱུང་ཡོད་པ་མ་ཟད། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་སླད་དགོན་པ་དང་སློབ་གྲྭ་གསར་བཞེངས་སོགས་ཀྱི་ཕྱག་ལས་མང་དག་ཅིག་གནང་ཡོད་པ་རེད།
ཡང་རིན་པོ་ཆེ་ཁོང་གི་སློབ་མ་དགེ་བཤེས་ཚེ་རིང་རྡོ་རྗེ་ལགས་ཀྱིས། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གིས། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་མི་ཉམས་རྒྱུན་འཛིན་གྱི་ཆེད་དུ་སྐུ་ཚེ་འཕེན་པ་བཏང་གནང་བ་དེའི་ལོ་རྒྱུས་ནམ་ཡང་བརྗེད་མི་ཉན་ལ། དེ་དག་སྲུབ་སྐྱོབ་བྱ་རྒྱུ་ནི་རིན་པོ་མཆོག་ལ་རྗེས་དྲན་ཞུ་བའི་སྙིང་པོ་དེ་ཡང་ཡིན་པ་འགྲེལ་བརྗོད་གནང་བྱུང་།
སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ནི་ཁྲིན་ཏུའུ་ཡི་འབར་གས་དོན་རྐྱེན་ཞིག་དང་འབྲེལ་བ་ཡོད་པའི་ཉེས་འཛུགས་འོག ཕྱི་ལོ་ ༢༠༠༢ ལོར་རྒྱ་གཞུང་གི་ཉེན་རྟོག་པས་རིན་པོ་ཆེ་མཆོག་གློ་བུར་དུ་ཉག་ཆུ་རྫོང་ཁོངས་ནས་འཛིན་བཟུང་བྱས་ཏེ། དུས་འགྱངས་སྲོག་ཁྲིམས་ནས་ཚེ་བཙོན་དུ་འགྱུར་བ་བཏང་ནས་ལོ་ངོ་ ༡༣ ལྷག་རིང་རྒྱ་ནག་གི་བཙོན་ཁང་ནང་མནར་གཅོད་ཚད་མེད་མྱོང་སྟེ་གློ་བུར་དུ་བཙོན་ཁང་ནང་དགོངས་པ་རྫོགས་པའི་རྗེས། བཙན་བྱོལ་དུ་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་སོགས་ནས་རིན་པོ་ཆེའི་གྲོངས་རྐྱེན་སྐོར་ལ་རྒྱལ་སྤྱིའིི་ཐོག་ནས་ཞིབ་འཇུག་མཐིལ་ཕྱིན་པ་བྱེད་རོགས་ཞེས་འབོད་སྐུལ་སྣ་ཚོགས་ཞུས་ཡོད་པ་རེད།
སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་ནི་དགུང་ལོ་བདུན་གྱི་སྟེང་ལི་ཐང་དགོན་ཆེན་དུ་ཆོས་སྒོར་ཞུགས་ཡོད་པ་དང་། ཕྱི་ལོ་ ༡༩༨༢ ལོར་རྒྱ་གར་དུ་ཕེབས་ཏེ་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་མི་ལོ་ ༧ ལྷག་སློབ་གཉེར་གནང་བའི་རྗེས། ཕྱི་ལོ་ ༡༩༨༣ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དགེ་བཤེས་ཨ་དམ་ཕུན་ཚོགས་ཀྱི་ཡང་སྲིད་དུ་ངོས་འཛིན་ཕྱག་རྟགས་སྩལ་ཞིང་མཚན་ལ་བསྟན་འཛིན་བདེ་ལེགས་ཞེས་སྩལ། དེ་ནས་ཕྱི་ལོ་ ༡༩༨༧ ཕྱིར་ཕ་ཡུལ་དུ་ཕེབས་ཏེ་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཐོག་ལ་མཛད་རྗེས་མང་དག་ཅིག་བསྐྱངས་ཡོད་པ་རེད།
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།