རྒྱ་ནག་གཞུང་གི་བཀོད་བྱུས་འོག་གཞུང་འབྲེལ་མིན་པའི་ཚོགས་པས་མཉམ་འབྲེལ་རྒྱལ་ཚོགས་སུ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ཐེ་བྱུས་བྱེད་བཞིན་ཡོད་སྐོར་སྙན་ཐོའི་གསར་པའི་ནང་གསལ་སྟོན།
རྒྱ་ནག་གཞུང་གི་བཀོད་བྱུས་འོག་ཡོད་པའི་གཞུང་འབྲེལ་མིན་པའི་ཚོགས་ཁག་གིས་བརྒྱུད་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ཐེ་བྱུས་བྱེད་བཞིན་ཡོད་པ་མ་ཟད། བོད་དང་། ཡུ་གུར་། ཧོང་ཀོང་གི་འཐབ་རྩོད་པས་རྒྱལ་ཚོགས་སུ་འགྲོ་བ་མིའི་ཐོང་ཐང་སྐོར་ཞུ་གཏུག་ལས་འགུལ་ལ་འགོག་རྐྱེན་བཟོ་བཞིན་ཡོད་པ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཆེད་ཞབས་ཞུ་ཞེས་པའི་ཚོགས་པའི་སྙན་ཐོ་གསར་པའི་ནང་གསལ་སྟོན་བྱས་འདུག
- 2025-04-28
-
-
-
ཟླ་ ༤ ཚེས་ ༢༩ ཉིན་གནས་ཚུལ་ཁ་སྣོན་བྱས་ཡོད།
རྒྱ་ནག་གཞུང་གི་བཀོད་བྱུས་འོག་ཡོད་པའི་གཞུང་འབྲེལ་མིན་པའི་ཚོགས་ཁག་གིས་བརྒྱུད་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ཐེ་བྱུས་བྱེད་བཞིན་ཡོད་པ་མ་ཟད། བོད་དང་། ཡུ་གུར་། ཧོང་ཀོང་གི་འཐབ་རྩོད་པས་རྒྱལ་ཚོགས་སུ་འགྲོ་བ་མིའི་ཐོང་ཐང་སྐོར་ཞུ་གཏུག་ལས་འགུལ་ལ་འགོག་རྐྱེན་བཟོ་བཞིན་ཡོད་པ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཆེད་ཞབས་ཞུ་(International Service for Human Rights)ཞེས་པའི་ཚོགས་པའི་སྙན་ཐོ་གསར་པའི་ནང་གསལ་སྟོན་བྱས་འདུག
སུད་སིའི་གྲོང་ཁྱེར་ཇི་ནི་ཝར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཞབས་ཞུ་ཚོགས་པས། ཕྱི་ཟླ་ ༤ ཚེས་ ༢༨ རེས་གཟའ་ཟླ་བའི་ཉིན་འདོན་སྤེལ་གནང་བའི་སྙན་ཐོ་གསར་པའི་ནང་། རྒྱ་ནག་གཞུང་གིས་བོད་དང་ཡུ་གུར་། དེ་བཞིན་ཧོང་ཀོང་གི་ལས་འགུལ་བས་མཉམ་འབྲེལ་རྒྱལ་ཚོགས་སུ་ཞུ་གཏུག་ལས་དོན་ལ་འགོག་རྐྱེན་བཟོ་བཞིན་ཡོད་པ་གསལ་སྟོན་དང་། ད་བར་རྒྱ་ནག་གིས་རྒྱལ་ཚོགས་སུ་ཞུ་གཏུག་ལས་དོན་ ༤༡ ལ་འགོག་རྐྱེན་བཟོས་ཡོད་པ་ཐེར་འདོན་བྱས་འདུག
གནད་དོན་དེ་འབྲེལ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་མི་རྣམས་དང་རྒྱལ་སྤྱིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་རྣམས་ལ་ཐབས་ཤེས་ཀྱི་རྣམ་པ་འདྲ་མིན་འོག་བསླུ་བྲིད་བརྒྱུད། རྒྱ་ནག་གི་དབང་བསྒྱུར་འོག་ཚུད་པ་རྣམས་ལ་རྒྱབ་སྐྱོར་དང་། དེ་མིན་ཚོགས་པ་གཞན་རྣམས་ལ་ཁ་བྲལ་གཏོང་ཐབས་བྱེད་ཀྱི་ཡོད་པའི་སྐོར་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཟླ་བ་བཀྲ་བཤིས་ལགས་ཀྱིས། རྒྱ་ནག་གཞུང་གིས་རྒྱ་ནག་གི་ཁ་གཏད་དུ་འགྲོ་བ་མིའི་ཐོབ་ཐང་སྐོར་ཞུ་གཏུག་བྱེད་མཁན་རྣམས་ལ་འགོག་རྐྱེན་བཟོ་རྒྱུ་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་མ་ཟད། རྒྱལ་སྤྱིའི་ནང་གི་རང་དབང་ལྡན་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ལ་འཇིགས་སྐུལ་གྱིས་ཤུགས་རྐྱེན་སྤྲོད་ཐབས་བྱེད་བཞིན་ཡོད་པ་དེས། མ་འོངས་བོད་དང་རྒྱལ་སྤྱིའི་ཁྲོད་འགྲོ་བ་མིའི་ཐོབ་ཐང་ཐད་དཀའ་སྡུག་མྱོང་བཞིན་པ་རྣམས་ཀྱི་གནད་དོན་རྣམས་དུས་ཐོག་དང་ཚད་ལྡན་ཐོག་ཕྱིར་བསྒྲགས་ཐུབ་རྒྱུ་དཀའ་ཁག་ཅན་དུ་གྱུར་ངེས་ཡིན་པའི་སྐོར་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མི་ཡིན་པའི་ཐོག རྒྱ་ནག་གཞུང་གི་བཀོད་བྱུས་འོག་ཡོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འབོད་སྒྲ་ཆེ་རུ་གཏོང་བཞིན། རྒྱ་ནག་གི་ཁ་གཏད་དུ་འགྲོ་བ་མིའི་ཐོབ་ཐང་སྐོར་ཞུ་གཏུག་བྱེད་མཁན་རྣམས་ལ་འགོག་རྐྱེན་བཟོ་རྒྱུ་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་མ་ཟད། རྒྱལ་སྤྱིའི་ནང་གི་རང་དབང་ལྡན་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ལ་འཇིགས་སྐུལ་ཤུགས་རྐྱེན་སྤྲོད་ཐབས་བྱེད་བཞིན་ཡོད་པ་གསལ་འདུག
ལྷག་པར་ཕྱི་ལོ་ ༢༠༡༨ ཊོམཔ་སྲིད་གཞུང་དང་པོའི་སྐབས་ཨ་རི་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་ཕྱིར་འཐེན་བྱས་རྗེས། རྒྱ་གཞུང་གི་བཀོད་བྱུས་འོག་ཡོད་པའི་གཞུང་འབྲེལ་མིན་པའི་ཚོགས་པ་རྣམས་ཀྱིས་ཞུ་གཏུག་དྲིལ་བསྒྲགས་ལས་དོན་གཞི་རྒྱ་ཆེ་རུ་བཏང་བས། ཕྱི་ལོ་ ༢༠༡༨ ནས་ ༢༠༢༤ བར་ལོ་དྲུག་གི་རིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སྟེང་། ཚོགས་པ་དེ་དག་གི་བསྒྲགས་གཏམ་ (Oral statement) ལྡབས་ ༡༦ འཕར་འདུག་ལ། ལྷན་ཚོགས་དེའི་ནང་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་བསྒྲགས་གཏམ་ ༢༥ ཡི་ནང་ནས་གཅིག་འཆར་ཅན་རྒྱ་ནག་གི་བཀོད་བྱུས་འོག་ཡོད་པའི་གཞུང་འབྲེལ་མིན་པའི་ཚོགས་པའི་ཡིན་སྐོར་བཀོད་འདུག
གཞི་རྩའི་རྒྱ་ནག་གཞུང་གིས་བཤད་སྒྲོས་བཞིན་འགྲོ་བ་མིའི་ཐོབ་ཐང་ཞེས་པ་དངོས་པོ་ཡར་རྒྱས་ཙམ་ལ་གོ་བའི་བཤད་རྒྱུན་དར་སྤེལ་གཏང་རྒྱུར་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་བྱེད་བཞིན་ཡོད་ལ། དེའི་ཆེད་དུ་རྒྱ་ནག་གིས་མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱལ་སྤྱིའི་སྲིད་གཞུང་ཁག་ལ་ཤུགས་རྐྱེན་སྤྲད་དེ། རྒྱ་ནག་གིས་བོད་དང་། རྒྱ་ནག་སྐམ་ས་ཆེན་མོ། ཧོང་ཀོང་། ཤར་ཏུརྐིས་ཐན་སོགས་སུ་གཞི་རྩའི་ཆོས་ལུགས་དང་། སྨྲ་བརྗོད། བསམ་བློའི་རང་དབང་ལ་རྡོག་རོལ་གཏོང་བཞིན་པ་རྣམས་སྦེད་ཐབས་བྱེད་བཞིན་ཡོད། ལྷག་པར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་བབ་སྐོར་གྱི་དུས་བཀག་བསྐྱར་ཞིབ་སྐབས་ཐབས་ཤེས་སྣ་ཚོགས་བརྒྱུད་རྒྱ་ནག་གི་བཤད་རྒྱུན་གོང་སྤེལ་གཏོང་ཐབས་བྱེད་བཞིན་ཡོད་པ་རེད། །
གསར་འགོད་པ། བསྟན་འཛིན་ནོར་འཛོམས། བདེ་ཆེན་དབང་མོ།
རྩོམ་སྒྲིག་པ། བསྟན་འཛིན་པདྨ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།