ཨོ་ལིམ་པིག་རྩེད་འགྲན་དཔལ་འབར་ཤིན་ཅང་ནང་རྒྱུགས་སྤྲོད།
པེ་ཅིང་རྩེད་འགྲན་གྱི་དཔལ་འབར་དེ་བཞིན་ཤིན་ཅང་ས་ཁུལ་ནང་བསྐོར་བསྐྱོད་བྱེད་སྐབས་ཡུ་གུར་ཁ་ཆེའི་མི་མང་ལ་རང་གི་ཁྱིམ་ནང་བསྡད་དགོས་པའི་བཙན་བཀའ་བཏང་འདུག
-
2008-06-16 -
-
-
༄༅༎རྒྱ་ནག་གཞུང་གིས་ཨོ་ལིམ་པིག་རྩེད་འགྲན་གྱི་དཔལ་འབར་དེ་བཞིན་བོད་ལྟར་བཙན་བཟུང་བྱས་པའི་ཡུ་གུར་ཁ་ཆེའི་ཡུལ་ལམ་ རྒྱ་ནག་གིས་ཤིན་ཅང་ཞེས་འབོད་པའི་ས་ཁུལ་ནང་རེས་གཟའ་མིག་དམར་ཉིན་བསྐོར་བསྐྱོད་བྱེད་འཆར་ཡོད་པ་ལྟར་ སྐབས་དེར་ཡུ་གུར་ཁ་ཆེའི་མི་མང་ལ་དཔལ་འབར་སྐོར་བསྐྱོད་བྱ་ཡུལ་གྱི་ཁྲོམ་གཞུང་ནང་ཐོན་མ་ཡོང་བར་ རང་གི་ཁྱིམ་ནང་བསྡད་དེ་ དཔལ་འབོར་བསྐོར་བསྐྱོད་བྱེད་བཞིན་པ་བརྙན་འཕྲིན་ཐོག་ནས་ལྟ་དགོས་པའི་བཙན་བཀའ་བཏང་ཡོད་པ་རེད་
དེ་ཡང་ཤིན་ཅང་ཉིན་རེའི་གསར་ཤོག་གིས་ རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་ལི་ཀོང་མིང་ཟེར་བ་ལུང་འདྲེན་གྱིས་ དཔལ་འབར་བསྐོར་བསྐྱོད་སྐབས་སུ་མང་ཚོགས་འདུ་ཚོགས་ཆེ་ན་ སྲུང་བྱའི་གནད་དོན་ལ་ཉེན་ཚབས་ཡོང་རྒྱུར་སོང་ དེ་ལྟར་མི་ཡོང་བའི་ཆེད་མི་མང་ལ་དཔལ་འབར་བསྐོར་བསྐྱོད་དེ་ རང་ཁྱིམ་ནང་བརྙན་འཕྲིན་ཐོག་བལྟ་དགོས་སྐོར་བརྗོད་བཞིན་ཡོད་པ་བཀོད་ཡོད་པ་རེད་
འཛམ་གླིང་ནང་བོད་མི་དང་དེ་བཞིན་ཡུ་གུར་ཁ་ཆེ་མི་མང་གི་གཙོས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་ཁག་གིས་ངོ་རྒོལ་ཤུགས་ཆེ་བྱ་ཡུལ་གྱི་ རྒྱ་ནག་ནང་ཚུགས་རྒྱུའི་ཨོ་ལིམ་པིག་གི་དཔལ་འབར་དེ་རྒྱལ་སྤྱིའི་ནང་བསྐོར་བསྐྱོད་ཀྱི་རྗེས་སུ་ རྒྱ་ནག་ནང་བསྐོར་བསྐྱོད་བྱ་འགོ་ཚུགས་པར་ རེ་ཞིག་རྒྱ་ནག་ནང་ས་ཡོམ་གྱི་གོད་ཆགས་ཀྱི་རྐྱེན་པས་ངང་འཐེན་བྱས་ཡོད་རུང་རྒྱ་ནག་གཞུང་གིས་ད་ཆ་བཙན་བཟུང་བྱས་པའི་བོད་དང་ཤིན་ཅང་ནང་འཁྱེར་འཆར་བྱེད་བཞིན་ ཨོ་ལིམ་པིག་གི་དཔལ་འབར་བསྐོར་བསྐྱོད་དེ་བརྒྱུད་བོད་དང་ཤིན་ཅང་གི་མངའ་ཁུལ་དེ་གཉིས་རྒྱ་ནག་ལ་དབང་བའི་མངའ་ཁུལ་ཞིག་ཡིན་པའི་ཆབ་སྲིད་ཀྱི་དྲིལ་བསྒྲགས་དེ་བྱ་ཐབས་བྱེད་བཞིན་ཡོད་པ་དང་ དེར་ས་ཁུལ་མི་མང་གིས་ངོ་རྒོལ་མི་ཡོང་བའི་ཆེད་ སྔོན་འགོག་གང་ཡོད་བྱེད་བཞིན་ཡོད་པ་རེད་།