རྒྱ་གཞུང་གི་འཁྱོག་བཤད་མཇུག་སྐྱོང་མི་ཐུབ་པ།

རྒྱ་ནག་གཞུང་གིས་བཏང་བའི་བོད་རིག་པའི་མཁས་པ་ཟེར་བ་ཞིག་གིས་་སིཌ་ཎི་ཁུལ་དུ་༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཐད་འཁྱོག་བཤད་བྱས་ཀྱང་། མང་ཚོགས་ནས་དེའི་ཐད་དྲི་བ་སླེབས་སྐབས་ལན་འདེབས་བྱེད་ཐུབ་མི་འདུག

༄༅།    །རྒྱ་ནག་གཞུང་ནས་འཛམ་གླིང་གི་ས་ཕྱོགས་གང་སར་ཁུང་ཙི་རིག་གཞུང་ལྟེ་ཁག་འདྲ་མིན་ཆེད་བཙུགས་ཀྱིས་རྗེས་སུ་ལྟེ་གནས་ཁང་དེ་དག་བརྒྱུད་བོད་རིག་པའི་མཁས་པ་ཡིན་ཁུལ་གྱིས། རྒྱ་རིགས་མི་སྣ་མགྲོན་འབོད་བྱས་ནས། རྒྱལ་སྤྱིའི་ཡུལ་ཁག་ནང་མཐོ་སློབ་སོགས་ཕྱོགས་གང་སར་ བོད་འདི་རྒྱ་ནག་གི་མངའ་ཁོངས་ཡིན་ལུགས་དང་། ༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་ཡང་རྒྱ་ནག་གཞུང་གི་བཀའ་ཁྲོལ་ངོས་ལེན་དགོས་ལུགས་སོགས་ཀྱི་འཁྱོག་བཤད་རིམ་པ་ཞིག་སྤེལ་འགོ་ཚུགས་བཞིན་ཡོད་པ་རེད།
ལས་འཆར་འདི་དང་འབྲེལ། ཁ་སང་ཨོ་སོ་ཀྲོ་ལི་ཡེའི་གྲོང་ཁྱེར་ སི་ཊི་ནི་ནང་ རྒྱ་ནག་གི་ཁུང་ཙི་རིག་གཞུང་ལྟེ་གནས་ཁང་གིས་གྲོང་ཁྱེར་སི་ཊི་ནི་གྱི་མཐོ་སློབ་ཁང་ནང་ ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་མཁས་པ་ཟེར་བའི་རྒྱ་རིགས་ལས་བྱེད་པ་མིང་ལ་གའི་རྫ་ཡང་ཟེར་བ་བཏང་ཡོད་པ་རེད།    ཁོ་པས་བོད་ཀྱི་ལོ་རྒྱུས་དང་༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་བྱ་ཕྱོགས་ཀྱི་སྐོར་གཏམ་བཤད་ཅིག་གོ་སྒྲིག་བྱས་ཡོད་པ་དང་ ཁོ་པའི་གཏམ་བཤད་བྱ་སར་རྒྱ་རིགས་མང་གཙོ་དོན་གཉེར་བ་ཁག་ཅིག་དང་བོད་མི་རེ་གཉིས་ཤིག་ཕྱིན་ཡོད་པ་དང་། བོད་རིག་པའི་མཁས་པ་ཟེར་བའི་རྒྱ་རིགས་དེས་ ༧གོང་ས་སྐུ་ཕྲེང་རིམ་བྱོན་མང་པོ་ཞིག་རྒྱ་ནག་གིས་ངོས་འཛིན་བྱས་ཚུལ་སོགས་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱ་ཕྱོགས་ལ་རྒྱ་ནག་གཞུང་གི་འདོད་ཚུལ་དང་མཐུན་པའི་འཁྱོག་བཤད་རིམ་པ་ཞིག་བྱས་ཡོད་པ་རེད། དེར་རྒྱ་རིགས་མང་གཙོ་དོན་གཉེར་བ་དང་བོད་རིགས་ཚོས་གནད་ལ་སྨིན་པའི་དགག་ལན་སྤྲད་དེ། རྒྱ་ནག་གཞུང་གི་ཆེད་གཏོང་བྱས་པའི་བོད་རིག་པའི་མཁས་པ་ཡིན་ཟེར་བར་དམིགས་བསལ་ལན་འདེབས་བྱ་རྒྱུ་མེད་པར་གང་ཙམ་ཁ་སྐྱེངས་པོ་བཟོས་ཡོད་པ་རེད།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org