བོད་ཀྱི་ས་མཚམས་སྣ་ཐོད་ལའི་ཚོང་ལམ་མཚམས་འཇོག
2011.05.10
༄༅༎རྒྱ་གར་དང་བོད་ཀྱི་ས་མཚམས་སྣ་ཐོད་ལའི་ཚོང་འབྲེལ་གྱི་གྲོས་མཐུན་བྱུང་སྟེ་༢༠༠༦ ལོ་ནས་སྣ་ཐོད་ལའི་ཚོང་འབྲེལ་སྒོ་མོ་ཕྱེ་པ་ནས་བཟུང་ད་ལྟ་བར་དངོས་ཟོག་ཁྲལ་བསྡུའི་དཀའ་རྙོག་བྱུང་མེད་ཀྱང་ཉེ་ཆར་དཔྱ་ཁྲལ་གྱི་དཀའ་རྙོག་ཐོག་ནས་ཕྱི་ཟླ་ལྔ་པའི་ཚེས་༤ ཉིན་ནས་ཚོང་ལམ་དེ་མཚམས་འཇོག་བྱས་ཡོད་པ་རེད།
དེ་ཡང་རྒྱ་གར་གྱི་ཚོང་པ་ཚོས་འཁྱེར་བའི་དངོས་ཟོག་རྣམས་སྣ་ཐོད་ལའི་ས་མཚམས་འགག་སྒོའི་རྒྱ་མིའི་དཔོན་རིགས་ནས་ངོས་ལེན་མ་བྱས་པ་དང༌། ཡང་རྒྱ་ནག་གི་དཔོན་རིགས་ནས། འབྲས་ལྗོངས་ཀྱི་ཚོང་པ་ཚོས་རྒྱ་གར་གཞུང་གིས་ཆོག་མཆན་ཐོབ་པའི་དངོས་ཟོག་ཐོ་གཞུང་དེར་ངོས་ལེན་བྱེད་ཀྱི་མེད་པའི་སྐྱོན་བརྗོད་བྱས་པའི་རྗེས། ཕྱི་ཚེས་༤ ནས་ས་མཚམས་ཚོང་འབྲེལ་དེ་མཚམས་འཇོག་བྱས་ཡོད་པ་རེད། ད་རེས་དམིགས་བསལ་སྣ་ཐོད་ལའི་ཚོང་འབྲེལ་མཚམས་འཇོག་བྱས་པ་དེ་ནི། དངོས་སུ་འབྲས་ལྗོངས་མངའ་སྡེའི་ཁྲལ་སྡུའི་འགོ་ཁྲིད་སྐུ་ཞབས་ཨ་ནན་རྡན་ཞུ་བས་བཀའ་ཁྲོལ་གནང་བ་ཞིག་ཡིན་པ་དང༌། ཁོང་ནི་གསར་དུ་གསར་འཛུགས་བྱས་པའི་རྒྱ་གར་དང་རྒྱ་ནག་གི་ས་མཚམས་ཚོང་ལས་མཉམ་འབྲེལ་ཚོགས་པའི་ས་མཚམས་ཚོང་འབྲེལ་གྱི་ལག་འཁྱེར་སྤྲོད་མཁན་གྱི་འགོ་ཁྲིད་ཀྱང་ཡིན་པ་རེད། ད་དུང་ཚོང་འབྲེལ་མཚམས་འཇོག་བྱས་པའི་ཉིན་དེར་འབྲས་ལྗོངས་ཀྱི་ཚོང་པ་ཚོ་འདུ་འཛོམས་ཀྱིས་འབྲས་ལྗོངས་མངའ་སྡེའི་དཔོན་རིགས་སྐུ་ཞབས་ཀེཕ་ལི་དང་དྲུང་ཆེ་གཞོན་པ་ལྕམ་སུ་མི་ཏ་པ་ར་རྡན་གཉིས་ལ་ས་མཚམས་ཚོང་ལས་ཀྱི་མྱོང་ཚོར་སྤེལ་རེས་བྱས་ཡོད་པ་རེད། འབྲས་ལྗོངས་མངའ་སྡེའི་དཔོན་རིགས་ནས་གསུང་ན། སྣ་ཐོད་ལའི་ལོ་རྒྱུས་ལྡན་པའི་ས་མཚམས་ཀྱི་ཚོང་འབྲེལ་དེ་ལོ་མང་པོའི་རྗེས་སུ་བསྐྱར་གསོ་ཐུབ་པ་བཞིན། ས་མཚམས་ཀྱི་དངོས་ཟོག་ཕྱི་ཚོང་ཁྲལ་བསྡུ་རྣམས་མུ་མཐུད་གནས་དགོས་པ་དང་དེ་ནི་༢༠༠༦་ལོར་རྒྱ་གར་དང་རྒྱ་ནག་བར་མོས་མཐུན་བྱུང་བ་ཞིག་ཡིན་ཞིང་ས་མཚམས་ཀྱི་ཚོང་འབྲེལ་དེ་འདས་པའི་མི་ལོ་ལྔ་རིང་ལ་དཀའ་རྙོགས་དང་འགོག་རྐྱེན་གང་ཡང་མེད་པར་ལམ་ལྷོངས་བྱུང་ཡོད་པ་མ་ཟད། དངོས་ཟོག་ཁྲལ་བསྡུའི་དཀའ་ངལ་ཡང་གང་ཡང་འཕྲད་མེད་པ་དང་གནད་དོན་དེའི་ཐོག་གླེང་སློང་ཡང་བྱེད་མཁན་བྱུང་མེད་ལ་རྒྱ་གར་དབུས་གཞུང་གི་ངོས་ནས་དངོས་ཟོག་ཁྲལ་བསྡུ་མེད་པ་བཟོ་དགོས་པའི་གཞུང་འབྲེལ་གྱི་བཀའ་ཡིག་གང་ཡང་ཕེབས་མེད་ཅེས་བསྐྱར་དུ་གསལ་བཤད་གནང་ཡོད་པ་རེད།