བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་དྲྭ་རྒྱ་གཉིས་ཐོག་འཇབ་རྒོལ།
རྒྱ་ནག་གཞུང་དང་འབྲེལ་བ་ཡོད་པའི་གློག་ལས་ཐོག་འཇབ་རྒོལ་བྱེད་མཁན་གྱི་ཚན་པ་ TAG 112 ཞེས་པས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་ Tibet Post ཞེས་པའི་དབྱིན་ཡིག་གི་དྲྭ་རྒྱ་དང་རྒྱུད་སྨད་གྲྭ་ཚང་གི་དྲྭ་རྒྱ་གཉིས་ལ་འཇབ་རྒོལ་བྱེད་ཡོད་པ་ཨ་རིའི་Massachusetts མངའ་སྡེའི་དྲྭ་རྒྱའི་བདེ་འཇགས་ཐོག་ཆེད་ལས་སྡེ་ཚན་ Recorded Group ཞེས་པའི་ Insikt Group ཞེས་པའི་རུ་ཁག་གི་འགན་འཛིན་བགྲེས་པ་ Jon Condra ཡིས་བརྗོད་འདུག་ལ། འཇབ་རྒོལ་བརྒྱུད་ནད་འབུ་བཏང་པ་དེས་དྲྭ་རྒྱ་བལྟ་ཀློག་བྱེད་མཁན་རྣམས་ཀྱི་གནས་ཚུལ་གང་ཞིག་བསྡུ་ལེན་བྱེད་ཀྱི་ཡོད་མེད་སོགས་གནས་ཚུལ་མཁོ་སྒྲུབ་བྱེད་ཆེད་དམིགས་ཡོད་པ་བརྗོད་འདུག
རྒྱ་ནག་གི་དྲྭ་རྒྱའི་འཇབ་རྒོལ་ཚན་པ་དེས་བོད་མིའི་དྲྭ་རྒྱར་འཇབ་རྒོལ་བྱས་ཏེ། དྲྭ་རྒྱ་སྲུང་སྐྱོབ་དང་འབྲེལ་བའི་མཉེན་ཆས་འཕབ་ལེན་བྱེད་རྒྱུར་སྐུལ་མ་བྱས་ཏེ། དྲ་རྒྱ་བཀོལ་སྤྱོད་བྱེད་མཁན་གྱི་ Computer ནང་འཚང་སྟེ་གསོ་ལྟ་བྱེད་ཀྱི་ཡོད་པ་བརྗོད་འདུག
རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་ཨེ་པི་གསར་སྤེལ་ཁང་ལ་བོད་མིའི་སྡེ་ཁག་གི་གློག་ལས་ཐོག་འཇབ་རྒོལ་གྱི་གནས་ཚུལ་འདིའི་སྐོར་གང་ཡང་ཤེས་རྟོག་མེད་སྐོར་དང་རྒྱ་ནག་གཞུང་གིས་དྲྭ་རྒྱའི་སྲུང་སྐྱོབ་ཀྱི་གནད་དོན་ཐད་ཀྱི་ལངས་ཕྱོགས་བརྟན་པོ་བཟུང་བཞིན་ཡོད་ཚུལ་ལན་འདེབས་བྱས་འདུག།
གསར་འགོད་པ། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།