རྒྱ་ནག་གིས་རྒྱ་གར་ནང་སིམ་འཛུལ་ཇེ་མང་དུ་འགྲོ་བཞིན་པ།

རྒྱ་ནག་གིས་རྒྱ་གར་གྱི་ས་ཐོག་མུ་འཐུད་དམག་མི་དངོས་དང་དེང་དུས་འཕྲུལ་ལས་གཉིས་ཀའི་ཐོག་ནས་སིམ་འཛུལ་བྱེད་བཞིན་ཡོད་འདུག

༄༅༎རྒྱ་ནག་གིས་རྒྱ་གར་གྱི་ས་ཐོག་མུ་འཐུད་དམག་མི་དངོས་དང་དེང་དུས་འཕྲུལ་ལས་གཉིས་ཀའི་ཐོག་ནས་སིམ་འཛུལ་བྱེད་བཞིན་ཡོད་འདུག་པར་མ་ཟད་ རྒྱ་ནག་གིས་རྒྱ་གར་གྱི་ཀམ་པུ་ཊར་གྱི་ལས་གཞིའི་ནང་ཡང་སིམ་འཛུལ་བྱེད་པའི་ལས་དོན་རྒྱ་སྐྱེད་ཡང་བྱེད་བཞིན་ཡོད་པ་ རྒྱ་གར་གྱི་ཀྲི་ཨེན་ཨེན་ནམ་ཏ་མིལ་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག། གསར་ལས་ཁང་དེར་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་གནས་ཚུལ་ངོ་སྤྲོད་བྱས་པར་ལྟར་ན་ གཟའ་འཁོར་སྔོན་མ་གཅིག་པུའི་ནང་ རྒྱ་གར་བྱང་ཕྱོགས་ལ་དྭགས་དང་བོད་ཀྱི་ས་མཚམས་ དཔལ་མགོན་མཚོའི་ཁུལ་དུ་རྒྱ་ནག་མི་དམངས་བཅིང་གྲོལ་དམག་གི་དམག་མིས་ཐེངས་མ་གསུམ་རྒྱ་གར་གྱི་ས་ཐོག་འཛུལ་བསྐྱོད་བྱས་ཡོད་འདུག་པ་དང་ ལ་དྭགས་ཤར་ཕྱོགས་ཁུལ་དུ་འདི་ལོ་གཅིག་པུའི་ནང་གོ་མཚོན་འཁྱེར་བའི་རྒྱ་མིའི་དམག་མི་ཐེངས་གསུམ་བཅུ་ཙམ་འཛུལ་བསྐྱོད་བྱས་ཡོད་འདུག།

ལ་དྭགས་ཁུལ་གྱི་ས་ཁྱོན་ཀི་ལོ་མི་ཊར་༤༠༥༧ཙམ་ཡོད་པའི་ད་ལྟའི་རྒྱ་དཀར་ནག་དབར་གྱི་ས་མཚམས་ས་ཁུལ་དེའི་བདག་དབང་ཐད་ཕྱོགས་གཉིས་དབར་རྩོད་གཞི་ཡོད་པ་དང་ རྒྱ་ནག་གི་དཔུང་དམག་མུ་འཐུད་ས་མཚམས་བརྒལ་སྟེ་སིམ་འཛུལ་བྱེད་བཞིན་པ་དེས་ རྒྱ་ནག་གཞུང་གིས་རྒྱ་གར་གྱི་མངའ་དབང་འོག་ཡོད་པའི་ས་ཁྱོན་དེ་དག་ད་དུང་བློས་བཏང་མེད་པའི་མཚོན་རྟགས་གསལ་པོ་ཞིག་ཡིན་པ་གནད་དོན་དབྱེ་ཞིབ་པ་ཚོས་བརྗོད་བཞིན་ཡོད་པ་རེད། རྒྱ་ནག་གི་ཕྱོགས་ནས་ལ་དྭགས་ས་ཁུལ་ཙམ་མིན་པར་ རྒྱ་དཀར་ནག་དབར་ས་མཚམས་འཁེལ་ཡུལ་ རྒྱ་གར་གྱི་ཨུཏརཱ་ཀཱནཏ་དང་ ཧི་མ་ཅལ་ འབྲས་ལྗོངས་དང་ ཨ་རུ་ན་ཅལ་མངའ་སྡེའི་ས་ཁུལ་ཚང་མའི་ནང་དཔུང་དམག་སིམ་འཛུལ་གྱི་ལས་དོན་སྤེལ་བཞིན་ཡོད་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org