རྒྱ་མིའི་ཉེན་རྟོག་མི་སྣས་བོད་པའི་དགེ་འདུན་པ་ཡིན་ཁུལ་བྱས་པ།
བོད་ཀྱི་ཁམས་སྡེ་དགེ་དགོན་ཆེན་དུ་བོད་མི་ཚོས་ངོ་རྒོལ་བྱས་ནས་འཛིན་བཟུང་བྱས་པའི་དགེ་འདུན་པ་ལྔ་གློད་འགྲོལ་དགོས་པའི་གནོན་ཤུགས་སྤྲད་པ།
-
2009-02-02 -
-
-
༄༅༎བོད་ཀྱི་ཁམས་སྡེ་དགེ་དགོན་ཆེན་དུ་བོད་མི་སྟོང་ཕྲག་གཅིག་ལྷག་ཙམ་གྱིས་ས་གནས་སུ་ངོ་རྒོལ་བྱས་ནས་འཛིན་བཟུང་བྱས་པའི་དགེ་འདུན་པ་ལྔ་གློད་འགྲོལ་གཏང་དགོས་པའི་གནོན་ཤུགས་སྤྲད་པའི་གནས་ཚུལ་ཤེས་རྟོགས་བྱུང་འདུག
རྒྱ་ནག་གི་ལོ་གསར་གྱི་ཉིན་གསུམ་པའམ་བཞི་པའི་ཉིན་ཕྱི་ཕྱོགས་ནས་རྒྱ་ནག་གི་དཔོན་རིགས་ཁག་གཅིག་སྡེ་དགེ་དགོན་ཆེན་དུ་འབྱོར་ཡོད་པ་དང་ཁོང་རྣམས་ལ་དགའ་བསུའི་ཆེད་དུ་ས་གནས་ཀྱི་སྡེ་དགེ་དགོན་ཆེན་གྱི་དགེ་འདུན་པ་ཁག་འདུ་འཛོམས་གནང་དགོས་པའི་སྐོར་ས་གནས་ཀྱི་དཔོན་རིགས་རྣམས་ཀྱིས་བཀའ་བཏང་ཡོད་ཀྱང་དགེ་འདུན་པ་གཅིག་ཀྱང་ཕེབས་མེད་པ་རེད་འདུག སྐབས་དེར་རྒྱ་ནག་གི་ཉེན་རྟོག་དམག་མི་ཁག་ཅིག་གིས་བོད་རིགས་དགེ་འདུན་པ་ཡིན་ཁུལ་གྱི་གྲ་ཆས་གྱོན་ནས་འཚམས་འདྲི་ཞུས་པའི་གནས་ཚུལ་བྱུང་ཡོད་པ་རེད་འདུག གནད་དོན་དེ་ས་གནས་ཀྱི་བོད་རིགས་དགེ་འདུན་པ་རྣམས་ཀྱིས་ཤེས་རྟོགས་བྱུང་མཚམས་སུ་ས་གནས་ཀྱི་ཉེན་རྟོག་དམག་མི་དང་བོད་རིགས་དགེ་འདུན་རྣམས་ཀྱི་དབར་འཁྲུགས་ཟིང་བྱུང་ཡོད་པ་དང་རྒྱ་ནག་གི་ཉེན་རྟོག་དམག་མིས་མེ་མདའ་རྒྱབ་པའི་གནས་ཚུལ་བྱུང་ཡོད་པ་ཤེས་རྟོགས་བྱུང་འདུག གནད་དོན་དེའི་ཐོག་བཙན་བྱོལ་བོད་གཞུང་གི་ཕྱི་འབྲེལ་དྲུང་ཆེ་དགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་མེ་མདའ་རྒྱབ་པའི་གནས་ཚུལ་བྱུང་ཡོད་པའི་འགྲེལ་བརྗོད་གནང་ཡོད་པ་རེད། དེ་རྗེས་སྡེ་དགེ་དགོན་ཆེན་གྱི་དགེ་འདུན་པ་གསུམ་བརྒྱ་ལྷག་ཙམ་དང་ཕྱོགས་མཐའ་དང་སྡེ་དགེ་དཔར་ཁང་མཇལ་མཁན་དང་ས་གནས་ཀྱི་བོད་མི་སོགས་མི་གྲངས་ཆིག་སྟོང་ལྷག་ཙམ་གྱིས་ས་གནས་སུ་ཡོད་པའི་སྡེ་དགེ་རྫོང་ཐོག་ཏུ་ཕྱིན་ནས་འཛིན་བཟུང་བཀག་ཉར་བྱས་པའི་དགེ་འདུན་པ་ལྔ་གློད་འགྲོལ་གཏང་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད་འདུག