རྡོ་རྗེ་རྒྱལ་མཚན་རྒྱ་ནག་གི་གསང་ཉུལ་བ་ཡིན་པའི་ཁྲིམས་ཐག་བཅད་འདུག
སུ་ཝེ་ཌན་(Sweden)གྱི་ཁྲིམས་ཁང་གིས་རྡོ་རྗེ་རྒྱལ་མཚན་ཟེར་བར་རྒྱ་ནག་གི་སོ་མྱུལ་བ་ཡིན་པའི་ཉེས་འཛུགས་བྱས་ནས་ལོ་གཅིག་དང་ཟླ་བཅུའི་ཁྲིམས་ཐག་བཅད་འདུག
-
2018-06-15 -
-
-
ཡོ་རོབ་ཀྱི་རྒྱལ་ཁབ་སུ་ཝེ་ཌན་(Sweden)ནང་བཅའ་སྡོད་བོད་མི་རྡོ་རྗེ་རྒྱལ་མཚན་ཟེར་བ་ཞིག་རྒྱ་ནག་གི་སོ་མྱུལ་ཡིན་པའི་གྱོད་གཞིའི་ཐད་(Sweden)གཞུང་གི་ཁྲིམས་ཁང་གིས་ཁོ་པར་ལོ་གཅིག་དང་ཟླ་བ་བཅུའི་བཙོན་བཅུག་གི་ཉེས་ཆད་བཏང་འདུག
དེ་ཡང་(Ap)གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། (Sweden)གི་རྒྱལ་ས་(Stockholm)གི་ཉེ་འཁྲིས། (Soderton)རྫོང་གི་ཁྲིམས་ཁང་གིས་། རང་ལོ་༤༩་ཡིན་པའི་བོད་རིགས་རྡོ་རྗེ་རྒྱལ་མཚན་ཟེར་བས་ཕྱི་ལོ་༢༠༡༥་ཕྱི་ཟླ་༧ པ་ནས་སྔར་ལོ་༢༠༡༧གྱི་ཕྱི་ཟླ་༢པའི་དུས་ཡུན་གྱི་བར། རྒྱལ་ཁབ་ནང་ཁྲིམས་འགལ་གྱི་སོ་ལྟའི་ལས་དོན་བྱས་པའི་ནག་ཉེས་ར་སྤྲོད་ཐུབ་པའི་སྐོར་དཔྱད་ཁྲ་བཏང་ཡོད་པ་རེད།
འདི་ཚེས་༡༥་རེས་གཟའ་པ་སངས་ཉིན། ཁྲིམས་དཔོན་(Daniel Eriksson)གིས་ཁྲིམས་དཔྱད་ཀྱི་ནང་། གཞུང་གི་གསང་བའི་ལས་ཁུངས་ཀྱིས་ཞིབ་འཇུག་མཐིལ་ཕྱིན་བྱས་པའི་རྗེས་སུ་རྡོ་རྗེ་རྒྱལ་མཚན་གྱིས་རྒྱལ་ཁབ་ཀྱི་ཕྱི་རོལ་(Poland)རྒྱལ་ཁབ་ནང་ཡང་ཡང་བསྐྱོད་དེ་རྒྱ་ནག་གི་གསང་བའི་ལས་བྱེད་པ་དང་ཐུག་འཕྲད་བྱས་པ་གསལ་སྟོན་ཐུབ་ཀྱི་ཡོད་པ་དང་། ཐུག་འཕྲད་བྱེད་དགོས་དོན་ཡང་། ཕྱིར་སྡོད་བོད་མིའི་ཐོག་གནས་ཚུལ་ཁྱབ་ཆེན་པོའི་ཐོག་ནས་བསྡུ་རུབ་ཀྱི་ལས་དོན་ལ་འབྲེལ་བ་ཡོད་སྐོར་ར་སྤྲོད་བྱུང་ཡོད་སྐོར་གསུངས་ཡོད་པ་རེད།
ཁྲིམས་དཔོན་(Eriksson)གིས་ཁྲིམས་དཔྱད་ཀྱི་སྐབས། རྡོ་རྗེ་རྒྱལ་མཚན་གྱི་བྱེད་བབ་འདིས་(Sweden)རྒྱལ་ཁབ་ནང་དང་། གཞན་ཡང་(Sweden)གི་ཕྱི་རོལ་དུ་གནས་པའི་བོད་མི་ཚོར་གནོད་འཚེ་ཆེན་པོ་བཏང་ཡོད་སྲིད་པ་གསུངས་འདུག
རྡོ་རྗེ་རྒྱལ་མཚན་ཟེར་བའི་བོད་མི་དེ། (Sweden)གཞུང་གི་གསང་བའི་ལས་ཁུངས་ཀྱིས་རྒྱ་ནག་གི་སོ་མྱུལ་ཡིན་པའི་དོགས་གཞིའི་འོག་སྔར་ལོ་ཕྱི་ཟླ་༢པའི་ཚེས་༢༦ཉིན་འཛིན་བཟུང་བྱས་ཡོད་པ་དང་། ཁོ་པས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅའ་འདྲིར་དང་ལེན་གྱིས་ཁོ་པ་རང་ཉིད་རྒྱ་ནག་གི་སོ་མྱུལ་བ་མིན་པའི་སྐོར་བརྗོད་ཡོད་ཀྱང་། (Sweden)གཞུང་གི་གསང་བའི་ལས་ཁུངས་དང་། ད་ཆ་ཁྲིམས་ཁང་གཉིས་ཀས་ཁོ་པ་རྒྱ་ནག་གིས་ཕྱིར་སྡོད་བོད་མིའི་ཐོག་སོ་ལྟ་བྱ་རྒྱུར་སྐུལ་བའི་སོ་མྱུལ་ཞིག་ཡིན་པ་ར་སྤྲོད་ཐོག ལོ་གཅིག་དང་ཟླ་བ་བཅུའི་བཙོན་བཅུག་གི་ཁྲིམས་ཐག་བཅད་ཡོད་པ་རེད།
གསར་འགོད་པ་བློ་བཟང་ཡེ་ཤེས།