བོད་ནང་གི་བྱིས་པ་ཚོར་དམར་ཤོག་ཚོགས་པའི་ཆབ་སྲིད་སློབ་གསོའི་འོག་དྲུག་གཅིག་བྱིས་པའི་དུས་ཆེན་སྲུང་བརྩི་བྱེད་བཅུག་འདུག

ལོ་ལྟར་ཕྱི་ཟླ་༦ཚེས་༡་ཉིན་ནི་རྒྱ་ནག་ནང་དྲུག་གཅིག་བྱིས་པའི་དུས་ཆེན་ཞེས།རྒྱ་ནག་རྒྱལ་ཡོངས་ནང་སློབ་ཆུང་ཁག་གི་སློབ་ཕྲུག་ཚོར་བྱིས་པའི་དུས་ཆེན་གཞི་རྒྱ་ཆེན་པོའི་ངང་སྲུང་བརྩི་བྱེད་སྲོལ་ཡོད་ན་ཡང་། རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་སློབ་ཕྲུག་ལོ་ཆུང་བྱིས་པ་ཚོར་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་སློབ་གསོ་གཙོས།

བོད་རང་སྐྱོང་ལྗོངས་དམར་ཤོག་དྲུང་ཆེ་ཝང་ཅན་ཀྲུང་ཟེར་བས་དྲུག་གཅིག་བྱིས་པའི་དུས་ཆེན་ཉིན་བྱིས་པ་ཚོར་ཐུག་འཕྲད་བྱེད་བཞིན་པ། ཕྱི་ལོ་༢༠༢༤ལོའི་ཟླ་༦་ཚེས་༡ཉིན། Photo: Chinese State Media

ལོ་ལྟར་ཕྱི་ཟླ་༦ཚེས་༡་ཉིན་ནི་རྒྱ་ནག་ནང་དྲུག་གཅིག་བྱིས་པའི་དུས་ཆེན་ཞེས།རྒྱ་ནག་རྒྱལ་ཡོངས་ནང་སློབ་ཆུང་ཁག་གི་སློབ་ཕྲུག་ཚོར་བྱིས་པའི་དུས་ཆེན་གཞི་རྒྱ་ཆེན་པོའི་ངང་སྲུང་བརྩི་བྱེད་སྲོལ་ཡོད་ན་ཡང་། རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་སློབ་ཕྲུག་ལོ་ཆུང་བྱིས་པ་ཚོར་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་སློབ་གསོ་གཙོས། རྒྱ་ནག་གཞུང་འབྲེལ་གྱིས་གཏན་འཁེལ་བྱས་པའི་དམར་ཤོག་ཚོགས་པའི་དམག་གི་འགྲེམས་སྟོན་བརྟེན་གཞི་དང་། རྒྱལ་གཅེས་སློབ་གསོ་འགྲེམས་སྟོན་ཁང་ཟེར་བ་སོགས་སུ་ཁྲིད་ནས།བྱིས་པའི་ཉིན་མོ་དང་བསྟུན་དམར་ཤོག་ཚོགས་པའི་ཆབ་སྲིད་དྲིལ་བསྒྲགས་ལམ་ནས་བརྩི་སྲུང་བྱས་ཡོད་པ།བོད་ནང་གི་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤི་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང།

གོང་ཞུས་འབྲེལ་ཡོད་ཅིག་ནས་མུ་མཐུད་འགྲེལ་བརྗོད་གནང་དོན་ལ།བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་དྲུག་གཅིག་བྱིས་པའི་དུས་ཆེན་ཉིན་དང་བསྟུན།ལྷ་ས་གྲོང་ཁྱེར་དུ་ཡོད་པའི་གཞོན་ནུ་ལོ་ཆུང་ཕོ་བྲང་ཟེར་བའི་ནང།བྱིས་པ་ལོ་ཆུང་ཚོར་རྒྱ་ནག་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་ཞེས་པའི་བརྗོད་གཞིའི་སྟེང་འགྲེམས་སྟོན་དང་འགྲེལ་བརྗོད་བྱེད་བཅུག་པ་སོགས་ཀྱི་ལས་འགུལ་སྤེལ་སོང་ལ། དེ་མིན་སློབ་གྲྭ་གཞན་ཁག་ཅིག་ལྷ་སར་ཡོད་པའི་རྒྱ་ནག་དམར་ཤོག་ཚོགས་པའི་དམག་གི་འགྲེམས་སྟོན་ཁང་དུ་ཁྲིད་དེ།དམར་དམག་གི་རྒྱལ་གཅེས་སློབ་གསོ་ངོ་སྤྲོད་སོགས་བྱས་ཡོད་སྐོར་བརྗོད་བྱུང་ལ། རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་དྲུག་གཅིག་བྱིས་པའི་དུས་ཆེན་དང་བསྟུན་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཝང་ཅུན་གྲང་ཟེར་བས། ལྷ་སའི་སློབ་གྲྭ་ཁག་གི་ལོ་ཆུང་བྱིས་པ་ཚོར་ཐུག་འཕྲད་ཀྱིས། མ་འོངས་པར་བྱིས་པ་ཚོས་ཏང་དང་མེས་རྒྱལ་ལ་དགའ་ཞེན་ཅན་གྱི་མི་ཞིག་ཆགས་དགོས་པའི་སློབ་གསོ་བཏང་ཡོད་པ་སོགས་བཀོད་འདུག

རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ཞེས་ཉིན་མོ་དེར་བྱིས་པར་བཙན་གནོན་སྔོན་འགོག་དང་། བྱིས་པའི་འཚོ་བ་དང་བདེ་ཐང་། སློབ་གསོའི་ཐོབ་ཐང་སོགས་ལ་ཆེད་དམིགས་ཀྱིས་སྲུང་བརྩི་བྱེད་སྲོལ་ཡོད་ན་ཡང་། རྒྱ་ནག་གཞུང་གིས་ལོ་ལྟར་གོ་སྐབས་དེ་དག་སྤྱད་ནས་བོད་རིགས་བྱིས་པ་ཚོར་དམར་ཤོག་ཚོགས་པའི་སློབ་གསོ་དྲིལ་བསྒྲགས་དང་། རྒྱ་ནག་དམར་ཤོག་གི་ལོ་ཆུང་གདོང་ལེན་རུ་ཁག་ཟེར་བའི་ནང་འཛུལ་བཅུག་སྟེ། བྱིས་པ་ལོ་ཆུང་ཚོར་སྐེད་དར་དམར་པོ་གཡོགས་ནས། རྒྱ་ནག་དམར་ཤོག་ཚོགས་པའི་གུང་བྲན་རིང་ལུགས་ཀྱི་རྗེས་སུ་འབྲངས་རྒྱུའི་དམ་བཅའ་འཇོག་བཅུག་པ་སོགས་བྱེད་བཞིན་ཡོད་པ་རེད་ལ།བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ནས། རྒྱ་ནག་གཞུང་གིས་བོད་རིགས་བྱིས་པ་ཚོར་རང་གི་ཕ་མེས་ཀྱི་རིག་གཞུང་སློབ་ཁྲིད་རྩ་མེད་དུ་བཏང་སྟེ།བཙན་ཐབས་ཀྱིས་དམར་ཤོག་ཚོགས་པའི་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ་དེ། བྱིས་པར་རང་དབང་གིས་སློབ་གསོ་མྱོང་རོལ་གྱི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་གི་འདུག

རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ནི་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ཀྱི་ཕྱི་ལོ་༡༩༨༩་ལོའི་ཟླ་༡༡་པའི་ནང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐོབ་ཐང་ལྷན་ཚོགས་ཀྱིས་རྒྱལ་སྤྱིའི་བྱིས་པའི་ཐོབ་ཐང་མོས་མཐུན་ཡིག་ཆར་མོས་མཐུན་བྱུང་བ་ནས་བཟུང་མགོ་ཚུགས་ཡོད་ཀྱང་། བྱིས་པའི་དུས་ཆེན་དེ་བཞིན་རྒྱལ་ཁབ་སོ་སོའི་ནང་སྲུང་བརྩི་བྱེད་པའི་དུས་ཚེས་མི་འདྲ་བ་ཡོད་ན་ཡང་། འདི་ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཉིན་མོའི་བརྗོད་དོན་གཙོ་བོ་དེ། བྱིས་པ་ཚང་མར་ཐོབ་ཐང་ཡོད་ཚད་དགོས་ཞེས་པ་དེ་ཡིན་པ་རེད།

གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། 
རྩོམ་སྒྲིག་པ། བསྟན་འཛིན་དོན་ཡོན། 

དྲ་ཐོག་སྤེལ་མཁན། བསྟན་འཛིན་དོན་ཡོན།  

 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org