ལྷ་སར་དམ་བསྒྲགས་ཆེ་དྲག་ནས་གནས་སྤོ་བྱེད་ཀྱི་འདུག
རྒྱ་ནག་ནང་འགོ་ཁྲིད་གསར་པ་བསྐོ་གཞག་བྱ་རྒྱུའི་དུས་མཚམས་འདིར་ངོ་རྒོལ་མི་ཡོང་བར་དམིགས་ནས་ལྷ་སས་གཙོས་གནད་འགག་ཆེ་བའི་ས་ཁུལ་ཁག་ནང་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་འདུག
-
2012-10-19 -
-
-
༄༅། །དེ་ཡང་རྒྱ་ནག་ནང་འགོ་ཁྲིད་གསར་པ་བསྐོ་བཞག་བྱ་རྒྱུའི་དམར་ཤོག་ཚོགས་པའི་རྒྱལ་ཡོངས་ལྷན་ཚོགས་ཀྱི་སྔོན། བོད་ནང་བོད་མིས་རྒྱ་ནག་གཞུང་གི་དབང་བསྒྱུར་ལ་ངོ་རྒོལ་མི་ཡོང་བ་འགོག་ཐབས་སུ་ རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སས་གཙོས་གནད་འགག་ཆེ་བའི་ས་ཁུལ་ཁག་ནང་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་པའི་གནས་ཚུལ་ར་སྤྲོད་ཡོང་གི་ཡོད་པ་རེད། བོད་ནང་དམ་བསྒྲགས་ཆེ་དྲག་པའི་རྐྱེན་གྱིས་ལྷ་སའི་ནང་ཡར་འགྲོ་མར་འགྲོ་བྱ་རྒྱུ་དང་། མཆོད་འབུལ་ཆེད་འགྲོ་རྒྱུ། དེ་བཞིན་ཕ་མ་སྤུན་མཆེད་ཐུག་འཕྲད་ཆེད་འགྲོ་རྒྱུར་དཀའ་ངལ་ཆེན་པོ་ཡོད་སྐོར་གནས་ཚུལ་ངོ་སྤྲོད་པ་ཞིག་གིས་གསུངས་འདུག
གོང་དུ་གནས་ཚུལ་ངོ་སྤྲོད་གནང་མཁན་འདི་བོད་ནང་འབྲེལ་བ་ཡོད་པའི་བོད་མི་ཞིག་ཡིན་པ་དང་ ཁོང་གི་འབྲེལ་ཡོད་ཚོས་བོད་ཀྱི་རྒྱལ་སའི་ནང་། རྒྱ་ནག་གཞུང་གིས་དམ་བསྒྲགས་ཚད་ལས་འདས་པ་བྱེད་ཅིང་། ཐ་ན་བོད་མི་མང་ཚོགས་གཙུག་ལག་ཁང་སོགས་སུ་མཆོད་མཇལ་ལ་བསྐྱོད་པའི་སྐབས། མཆོད་མེ་འབུལ་ཆེད་མར་ཁུ་ཡང་འཁྱེར་ས་མེད་པ་བཀག་སྡོམ་བྱེད་བཞིན་པ་དང་། བར་བསྐོར་ནང་བཞུགས་མཁན་བོད་མི་ཚོར་མཚོན་ན། ཁ་ལག་བཟོ་རྒྱུའི་སོལ་རླངས་(gas) ལའང་དམ་བསྒྲགས་བྱེད་བཞིན་ཁ་ལག་བཟོ་རྒྱུར་མེ་གཏོང་རྒྱུ་མེད་པ་སོགས་དཀའ་ངལ་མང་དག་ཅིག་བཟོ་བཞིན་ཡོད་པ་ངོ་སྤྲོད་གནང་གི་ཡོད་པ་རེད།
དཀའ་ངལ་དེ་དག་ལ་བརྟེན་ནས་ལྷ་ས་ཁུལ་དུ་གནས་སྡོད་བྱེད་མཁན་ཁག་ཅིག་འུ་ཐུག་ནས་གནས་སྐབས་གྲོང་གསེབ་ཁག་ཏུ་གནས་སྤོ་བྱེད་པ་དེ་འདྲ་ཡང་བྱུང་འདུག
རྒྱ་ནག་གི་འགོ་ཁྲིད་འཕོ་བསྒྱུར་གཏོང་རྒྱུའི་དམར་ཤོག་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་ཐེངས་༡༨པ་འདི་ཟླ་བ་རྗེས་མའི་ཚེས་༨ ཉིན་རྒྱལ་ས་པི་ཅིང་ནང་འཚོགས་ཀྱི་ཡོད་པ་དང་། རྒྱ་ནག་གཞུང་གིས་འགོ་ཁྲིད་གསར་རྙིང་འཕོ་འགྱུར་གྱི་དུས་ཚོད་གཉན་འཕྲང་དེའི་སྐབས། བོད་ནང་བོད་མིས་ངོ་རྒོལ་སྒེར་ལངས་བྱ་རྒྱུའི་དྭོགས་ཟོན་ཆེན་པོ་བྱེད་ཀྱི་ཡོད་འདུག།