བལ་ཡུལ་ནང་མའོས་མུ་མཐུད་འཐབ་རྩོད་བྱེད་བཞིན་པ།
བལ་ཡུལ་གྱི་ཉེན་སྲུང་དམག་མིས་ངོ་རྒོལ་མཇུག་སྐྱོང་བྱེད་མཁན་ཁག་ཅིག་ལ་མིག་ཆུ་ཤོར་རྒྱུའི་དུག་རླང་གཏོར་དགོས་བྱུང་ཡོད་འདུག
-
2010-05-09 -
-
-
༄༅༎བལ་ཡུལ་ནང་མའོ་ཤོག་ཁག་གིས་བདུན་ཕྲག་གཅིག་རིང་གཞུང་མགོ་བརྟིང་སློག་རྒྱུའི་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་སྤེལ་བ་དེར་མང་ཕྱོགས་ཀྱིས་མི་འདོད་པའི་རྣམ་འགྱུར་ཆེན་པོ་སྟོན་པའི་འབྲས་བུ་ལྟ་བུར་ཞི་རྒོལ་གྱི་ལས་འགུལ་གཏེ་བ་མཚམས་འཇོག་བྱས་ཡོད་ཀྱང་རྒྱལ་ས་ཀཐ་མན་དྲུའི་ནང་རེས་གཟའ་ཉི་མའི་ཉིན་ཉེན་སྲུང་དམག་མིས་ངོ་རྒོལ་མཇུག་སྐྱོང་བྱེད་མཁན་ཁག་ཅིག་ལ་མིག་ཆུ་ཤོར་རྒྱུའི་དུག་རླང་གཏོར་དགོས་བྱུང་ཡོད་འདུག༎
ཨེ་ཨེཕ་པི་གསར་ལས་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་ན་ གཡོན་ཕྱོགས་པའི་ངོ་རྒོལ་སྟོང་ཕྲག་མང་པོ་ད་དུང་རྒྱལ་ས་ཀཐ་མན་དྲུར་བསྡད་ནས་བར་བརྒལ་གྱི་གཞུང་གིས་ཟླ་བ་འདིའི་ནང་ཚུད་རྒྱལ་ཁབ་ཀྱི་རྩ་ཁྲིམས་གསར་སྒྲིག་དགོས་རྒྱུར་གནོན་ཤུགས་སྤྲོད་རྒྱུ་ཡིན་འདུག རེས་གཟའ་ཉི་མའི་ཉིན་ངོ་རྒོལ་བ་དང་ཉེན་སྲུང་མི་སྣའི་དབར་འཐབ་རྩོད་ནང་ཉེན་སྲུང་བ་དང་ངོ་རྒོལ་བ་ཉི་ཤུ་རྩ་གྲངས་རྨས་ཡོད་འདུག བར་བརྒལ་གཞུང་གིས་ཕྱི་ཟླ་ལྔ་པའི་ཚེས་༢༨ནང་ཚུད་རྩ་ཁྲིམས་གསར་པའི་ཟིན་བྲིས་ཚར་དགོས་ཀྱང་གནད་དོན་དབྱེ་ཞིབ་པ་ཚོས་དེ་ལྟར་ཡོང་རྒྱུ་ཁག་པོ་ཡིན་ལུགས་འགྲེལ་བརྗོད་བྱེད་ཀྱི་ཡོད་འདུག མའོ་ཤོག་ཁག་གི་དབུ་ཁྲིད་པ་ར་ཅནྡ་ཡིས་ཐེངས་འདིའི་ཞི་རྒོལ་གྱི་ལས་འགུལ་མཚམས་བྱེད་དགོས་དོན་ནི་ རྒྱ་ཆེའི་མང་ཚོགས་ལ་དཀའ་ངལ་ཆེན་པོ་འཕྲད་པ་དེ་ཡིན་པ་ལས་ཕྱི་ཕྱོགས་ཀྱི་གནོན་ཤུགས་འོག་མཚམས་འཇོག་བྱས་མེད་ལུགས་གསལ་བཤད་གནང་བ་དང་སྦྲགས་ སྲིད་བློན་མ་རྡབ་ཀུ་མར་ནེ་པལ་གྱི་དབུ་ཁྲིད་པའི་གཞུང་གི་ཚབ་ཏུ་རྒྱལ་ཡོངས་ཀྱི་གཞུང་འཛིན་གསར་པ་དགོས་པའི་དགོས་འདུན་ལ་འགྱུར་བ་མེད་ལུགས་གསལ་བཤད་གནང་འདུག འོན་ཀྱང་སྲིད་བློན་གྱིས་མའོ་གཙོས་པའི་ཚོགས་པ་ཁག་དང་མཉམ་རུབ་ཀྱིས་རྒྱལ་ཁབ་ཀྱི་དཀའ་རྙོག་སེལ་རྒྱུའི་ཐབས་ལམ་གནང་དགོས་པ་ལས་དགོངས་པ་ཞུ་རྩིས་མེད་ལུགས་བསྐྱར་དུ་གསུངས་གནང་འདུག དེའི་དབར་ལ་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་བྭན་ཀི་མུན་མཆོག་གིས་ཀྱང་གཞུང་འཛིན་དང་ཕྱོགས་འགལ་ཚོགས་པ་ཐོུང་གིས་འགྲིག་འཇགས་ཀྱི་ཁོར་ཡུ་བསྐྲུན་དགོས་པའི་འབོད་བསྐུལ་ཞུས་ཡོད་རེད༎