ཟས་བཅད་ངོ་རྒོལ་བའི་སྐུ་གཟུགས་ཇེ་སྡུག་ཏུ་འགྲོ་བཞིན་པ།
ཟས་བཅད་ངོ་རྒོལ་གནང་མཁན་བོད་མི་དྲུག་པོ་དེ་ཚོའི་སྐུ་གཟུགས་ཀྱི་གནས་སྟངས་ཧ་ཅང་སྐྱོ་ཞིང་བློ་འཚབ་སྐྱེ་བའི་རང་བཞིན་ཅན་དུ་འགྱུར་བཞིན་པ།
-
2008-08-03 -
-
-
༄༅༎བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་རྒྱ་གར་གྱི་རྒྱལ་སའི་ནང་ཟ་འཐུང་གཙང་བཅད་ཀྱི་ཞི་བའི་ངོ་རྒོལ་ལས་འགུལ་ནང་བཞུགས་བཞིན་པའི་བོད་མི་དྲུག་པོ་དེ་ཚོའི་སྐུ་གཟུགས་ཀྱི་གནས་སྟངས་ཧ་ཅང་སྐྱོ་ཞིང་ བློ་འཚབ་སྐྱེ་བའི་རང་བཞིན་ཅན་དུ་ངོ་བོ་འགྱུར་བཞིན་པ་ཡིན་པ་རེད་
སྨན་པ་ཚོས་ཁ་ས་སྔ་དྲོ་ཞི་བའི་ངོ་རྒོལ་བ་རྣམ་པ་ཚོའི་སྐུ་གཟུགས་ལ་བརྟག་དཔྱད་བྱེད་སྐབས་ཁོང་ཚོའི་ལུས་པོའི་ལྗིད་ཚད་ ཀི་ལོ་ ༡༠ ལྷག་ཆགས་ཡོད་པས་མ་ཟད་ ལུས་པོའི་གཟུང་ཁག་ཀྱང་ཉམས་ཏེ་ མིག་པ་དང་ ལྟོ་བ་མི་བདེ་བ་ སྐད་གདངས་ཡང་ཉམས་ཡོད་པ་རེད་ ཁོང་རྣམ་ཚོའི་གཟུགས་པོའི་གནས་སྟངས་ཉམས་ཆགས་དེ་འདྲ་ཕྱིན་ཡོད་ནའང་ ཁོང་རྣམ་ཚོའི་སེམས་ཀྱི་བློ་སྟོབས་དང་སེམས་ཤུགས་ལ་གཡོ་བ་མེད་པར་ དཔེར་ན་ བོད་མི་དང་ཕྱི་རྒྱལ་བ་ཚོས་ཁོང་ཚོར་གཟིགས་རྟོགས་གནང་བར་ཕེབས་མཁན་ཚོར་ ཁོང་ཚོས་རང་གི་མགོ་བོ་དབྱུག་ཙམ་བྱེད་པ་དང་ ཞལ་རས་འཛུམ་རྨུལ་རྨུལ་གནང་གི་འདུག་ཅེས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་དོན་གྲུབ་རྡོ་རྗེ་ལགས་ཀྱིས་གསར་འགོད་པ་ཚོར་འགྲེལ་བརྗོད་གནང་ཡོད་པ་རེད་ ཁོང་རྣམ་ཚོའི་གནས་སྟངས་ལ་ཐུགས་ཞིབ་གནང་ཡག་དང་ ཁོང་རྣམ་ཚོའི་ལས་འགུལ་ཐོག་གདུང་སེམས་མཉམ་སྐྱེད་མཚོན་ཐབས་སླད་རྒྱ་གར་གྱི་མེས་པོ་དམ་པ་རྒན་རྡིའི་ཞི་བདེའི་ཐེབས་རྩ་ཚོགས་པ་དང་ རྦི་ཧར་མངའ་སྡེའི་ཧིན་བོད་མཛའ་འབྲེལ་ཚོགས་པ་ རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་འབྲེལ་ཡོད་འགན་འཛིན་རྣམ་པ་ཚོས་ངོ་ཕེབས་གནང་ཡོད་པ་དང་ བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་དོན་གྲུབ་རྡོ་རྗེ་ལགས་ཀྱིས་ཁ་ས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་གཟའ་ཉི་མའི་གཏམ་གགླེང་ཞེས་པའི་ལེ་ཚན་ཐོག་ལ་གསུངས་དོན་ལྟར་ན་ བོད་ཀྱི་རྩ་དོན་སླད་དུ་ ཟ་འཐུད་གཙང་བཅད་ཀྱི་ཞི་བའི་ལས་འགུལ་ནང་ཞུགས་བཞིན་པའི་བོད་མི་དྲུག་པོ་ཚོའི་གནས་སྟངས་ཐོག་ལ་གཟིགས་ཞིབ་གནང་ཕྱིར་ཉི་ཧོང་གི་གྲོས་ཚོགས་འཐུས་མི་སྐུ་ཞབས་ ཇིན་མ་ཚུ་སྦ་ར་ མཆོག་ཀྱང་ཉི་ཧོང་གི་གསར་འགོད་པ་ཁག་ཅིག་དང་ལྷན་དུ་ཉི་ཆར་ལྡི་ལིར་ཕེབས་ཡོད་པ་རེད་ལ་ སྐབས་དེར་ཁོང་གིས་ཨོ་ལིམ་པིག་ནི་རྩེད་འགྲན་ཙམ་ཞིག་མ་ཡིན་པར་ ཞི་བདེ་དང་འཆམ་མཐུན་ འཛམ་གླིང་ཡོངས་རྫོགས་གནས་གཅིག་དུས་གཅིག་ཏུ་མཉམ་འཛོམས་བྱ་རྒྱུའི་དགའ་སྟོན་ཞིག་རེད་ལ་ ཨོ་ལིམ་པིག་གི་མགྲོན་བདག་རྒྱལ་ཁབ་དེ་ཡིས་ དོན་དངོས་ཐོག ཨོ་ལིམ་པིག་རྩེད་འགྲན་གྱི་མགྲོན་བདག་འོས་ཤིང་འཚམས་པ་ཡིན་པའི་མིང་དེ་འཁྱེར་བ་ལ་ འགྲོ་བ་མིའི་ཐོབ་ཐང་དང་ དམངས་གཙོ་ ཞི་བདེ་བཅས་པར་བརྩི་བཀུར་ཞུ་དགོས་ཀྱི་རེད་ཅེས་གསུངས་ཡོད་པ་རེད་ ཟ་འཐུང་གཙང་བཅད་ཀྱི་ངོ་རྒོལ་བ་ཚོར་གདུང་སེམས་མཉམ་སྐྱེད་ཞུ་ཕྱིར་ ས་ཕྱོགས་ག་ས་ག་ནས་གྲ་བཙུན་དང་ སྐྱ་བོ་ཕོ་མོ་རྒན་གཞོན་སྣ་ཚོགས་ལྡི་ལིར་འབྱོར་བཞིན་པ་ཡིན་པ་རེད༎