འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་ཁོར་ཡུག་ཚོགས་ཆེན་ཐེངས་༢༣པ།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་ཁོར་ཡུག་ཚོགས་ཆེན་ཐོག་བོད་མཐོ་སྒང་གི་ཁོར་ཡུག་དེ་འཛམ་གླིང་སྤྱི་ལ་གལ་གནད་ཇི་ཆགས་སྐོར་གླེང་སློང་གནང་ཡོད་པ།
-
2017-11-09 -
-
-
Your browser doesn’t support HTML5 audio
༄༅། །ཇར་མན་གྱི་རྒྱལ་ས་Bonn ནང་ཚོགས་བཞིན་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་ཁོར་ཡུག་ཚོགས་ཆེན་ཐེངས་ ༢༣ (COP23) ཐོག་ བོད་མཐོ་སྒང་གི་ཁོར་ཡུག་དེ་འཛམ་གླིང་སྤྱི་ཡོངས་ལ་གལ་གནད་ཇི་ཆགས་དང་། གོ་ལའི་གནམ་གཤིས་འགྱུར་ལྡོག་ལ་བརྟེན་ནས་བོད་མཐོ་སྒང་གི་ཁོར་ཡུག་ལ་ངན་ཕྱོགས་ཀྱི་ཤུགས་རྐྱེན་ཇི་བྱུང་སྐོར་གླེང་སློང་གནང་བཞག
ཕྱི་ཟླ་ ༡༡ པའི་ཚེས་་༦ ནས་ ༡༧ བར་ མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་ཁོར་ཡུག་ལྷན་ཚོགས་ཐེངས་ ༢༣ (COP23)དེ་བཞིན་འཇར་མན་ Germany རྒྱལ་ས་ Bonn ནང་ཚོགས་བཞིན་ཡོད་པ་དང་། ལྷན་ཚོགས་སྐབས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་ཁོངས་ནས་རྒྱལ་ཁབ་ ༡༩༧ གྱི་སྐུ་ཚབ་འཐུས་མི་དང་། ཁོར་ཡུག་ཚན་རིག་པ་དང་ཉམས་ཞིབ་པ། དེ་བཞིན་ཁོར་ཡུག་སྲུང་སྐྱོབ་ལས་འགུལ་བ་སོགས་མཉམ་ཞུགས་གནང་འདུག་ལ། དེའི་ཐོག་ བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཉམས་ཞིབ་པ་འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་དང་། བདེ་ཆེན་དཔལ་མོ་ལགས་གཉིས་ཀྱང་ཆེད་བཅར་ཞུས་ཡོད་ལུགས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱས་གནས་ཚུལ་བཀོད་འདུག་ ཁོང་གཉིས་ཀྱིས་ཐེངས་འདིར་ལྷན་ཚོགས་སྐབས། བོད་མཐོ་སྒང་གི་ཁོར་ཡུག་དེ་འཛམ་གླིང་སྤྱི་ཡོངས་ལ་གལ་གནད་ཆེན་པོ་ཇི་འདྲ་ཆགས་མིན་དང་། གོ་ལའི་གནམ་གཤིས་འགྱུར་ལྡོག་ལ་བརྟེན་ནས་ བོད་མཐོ་སྒང་གི་ཁོར་ཡུག་ལ་ཤུགས་རྐྱེན་ངན་པ་ཇི་བྱུང་གསལ་འདོན་གནང་བཞིན་འདུག དེ་ཡང་ཉམས་ཞིབ་པ་ཁོང་གཉིས་ཀྱིས་བོད་མཐོ་སྒང་གི་ཁོར་ཡུག་གི་གནས་སྟངས་སྐོར་སྙན་ཐོ་འདོན་སྤེལ་བྱས་པའི་ནང་། བོད་ནི་འཛམ་གླིང་ཡང་ཐོག་ཅེས་གྲགས་ཤིང་། ཁོར་ཡུག་ཐོག་ནས་བོད་མཐོ་སྒང་འདི་ཧ་ཅང་གནད་འགག་ཆེན་པོ་ཞིག་དང་། གོ་ལ་སྤྱིའི་ཁོར་ཡུག་གི་གནས་སྟངས་ཐོག་ལའང་ཧ་ཅང་འབྲེལ་བ་ཆེན་པོ་ཆགས་ཡོད་པ་དང་། ལྷག་པར་འཛམ་གླིང་ལྷོ་བྱང་གི་སྣེ་གཉིས་ཕུད་དེ་འཁྱགས་རོམ་མང་ཤོས་དེ་བོད་མཐོ་སྒང་ནང་ཡོད་པར་བརྟེན་འཁྱགས་རོམ་དེ་དག་ལས་ བོད་ཀྱི་གཙང་ཆུ་ཆེ་ཁག་མང་པོ་ཞིག་ ཨེ་ཤི་ཡའི་རྒྱལ་ཁབ་མང་པོའི་ནང་། མི་འབོར་ཐེར་འབུམ་ཙམ་གྱི་འཚོ་བའི་རྟེན་གཞིར་གྱུར་ཡོད་པ་གསལ་འདོན་གནང་བཞག ཐེངས་འདིར་ཁོར་ཡུག་ཚོགས་ཆེན་གྱི་དགོས་དམིགས་གཙོ་བོ་ནི་དེ་སྔ་རྒྱལ་ས་པེ་རི་སིར་ལྷན་ཚོགས་ཐེངས་ ༢༢ སྐབས་ རྒྱལ་ཁབ་ ༢༠༠ ཙམ་གྱིས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྲིད་བྱུས་ལག་བསྟར་གནང་རྒྱུའི་ཁས་ལེན་གནང་བའི་འབྲུ་དོན་དེ་དག་ལག་བསྟར་དོན་འཁྱོལ་ཇི་ཙམ་ཡོང་ཐུབ་མིན་དང་། མཇུག་སྐྱོང་ཇི་ལྟར་གནང་ཐབས་སོགས་ལ་དཔྱད་ཞིབ་གནང་ཆེད་ཡིན་འདུག གོ་ལའི་ཁོར་ཡུག་ལྷན་ཚོགས་སར་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཉམས་ཞིབ་པ་གཉིས་ཀྱིས་རྒྱ་ནག་གཞུང་གིས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཆེད་ ཁ་ཞེ་གཉིས་མེད་ཐོག་ནས་སྲིད་བྱུས་ལག་བསྟར་གནང་དགོས་པ་དང་། བོད་ཀྱི་གཙང་ཆུ་རྒྱུག་སའི་གཤམ་འོག་ཁྱིམ་མཚེས་རྒྱལ་ཁབ་ཁག་གིས་བོད་ཀྱི་གཙང་པོ་དེ་དག་སྲུང་སྐྱོབ་ཆེད་ མཉམ་རུབ་ཐོག་ནས་ལས་འགུལ་སྤེལ་དགོས་པ། རྒྱལ་སྤྱིའི་སྤྱི་ཚོགས་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ བོད་མཐོ་སྒང་གི་ཁོར་ཡུག་གནད་དོན་དེ་གཙོ་བོར་འཛིན་ནས་ གོ་ལའི་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་པ་མ་ཟད། འབྱུང་འགྱུར་ཡང་མུ་མཐུད་གོ་ལའི་ཁོར་ཡུག་ལྷན་ཚོགས་སྐབས་བོད་ཀྱི་ཁོར་ཡུག་སྐོར་ངེས་པར་དུ་གླེང་སློང་དགོས་པ་སོགས་ བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་ཆེད་དོན་ཚན་ ༡༠ ཅན་གྱི་ཞུ་སྐུལ་ཡིག་ཆ་འགྲེམས་སྤེལ་གནང་བཞིན་ཡོད་པ་གནས་ཚུལ་ནང་གསལ་འདུག།
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།