འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ཚོགས་ཆེན་ཐོག་བོད་ཀྱི་ཁོར་ཡུག་གི་གལ་གནད་ཐེར་འདོན་དང་འབྲེལ་བོད་དོན་ཞུ་གཏུག་གནང་ཡོད་པ།

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ཚོགས་ཆེན་ཐོག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཉམས་ཞིབ་པས་བོད་ཀྱི་ཁོར་ཡུག་གི་གལ་གནད་ཐེར་འདོན་དང་འབྲེལ་བོད་དོན་ཞུ་གཏུག་གནང་ཡོད་པ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ཚོགས་ཆེན་ཐོག་མཉམ་ཞུགས་གནང་མཁན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་རྣམ་གཉིས། ༢༠༢༤།༡༡།༡༡ཉིན། TPI

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ཚོགས་ཆེན་ཐེངས་ ༢༩ པ་ (COP29) དེ་བཞིན། ཟླ་ ༡༡ ཚེས་ ༡༡ ནས་ ༢༢ བཅས་བདུན་ཕྲག་གཉིས་རིང་ཨཱ་ཛར་བཱཡེ་ཇན་གྱི་རྒྱལ་ས་བྷ་ཀུ་ནང་འཚོག་བཞིན་ཡོད་པ་དེའི་ཐོག ལོ་ལྟར་བཞིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཚན་པའི་ཉམས་ཞིབ་པ་ནས་མཉམ་ཞུགས་གནང་ཡོད་པ་དང་། ཐེངས་འདིའི་ཁོར་ཡུག་ཚོགས་ཆེན་ཐོག བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བདེ་ཆེན་དཔལ་མོ་ལགས་དང་། དོན་གྲུབ་དབང་མོ་ལགས་རྣམས་གཉིས་ཆེད་ཕེབས་ཀྱིས། རྒྱ་ནག་གཞུང་གིས་བོད་སྡེ་དགེ་ཁུལ་དུ་ཆུ་མཛོད་གསར་རྒྱག་གི་ལས་གཞིའི་རྐྱེན་གྱིས་བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་ཤུགས་ཆེན་གཏོང་བཞིན་ཡོད་སྐོར་སོགས། བོད་མཐོ་སྒང་ཁོར་ཡུག་གི་ཛ་དྲག་གནས་སྟངས་གསལ་སྟོན་གནང་བ་དང་སྦྲགས། བོད་ནང་གི་ཛ་དྲག་གནས་སྟངས་འཁོད་པའི་དོན་ཚན་བཅུ་ཅན་གྱི་ཡིག་ཆ་ཞིག་འགྲེམས་སྤེལ་བརྒྱུད་བོད་དོན་ཞུ་གཏུག་གནང་ཡོད་སྐོར། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཉམས་ཞིབ་པ་བདེ་ཆེན་དཔལ་མོ་ལགས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

ཉམས་ཞིབ་པ་རྣམ་གཉིས་ནས་འགྲེམས་སྤེལ་གནང་བའི་བོད་དོན་ཡིག་ཆ།

བོད་ཀྱི་སྲིད་བྱུས་ཉམས་ཉམས་ཞིབ་པ་བདེ་ཆེན་དཔལ་མོ་ལགས་དང་དོན་གྲུབ་དབང་མོ་ལགས་རྣམ་གཉིས་ནས་ཁོར་ཡུག་ཚོགས་ཆེན་ཐོག་འགྲེམས་སྤེལ་གནང་བའི་ཡིག་ཆ་དེའི་ནང་། རྒྱ་ནག་གཞུང་གིས་འབྲི་ཆུའི་ཆུ་རྒྱུན་དུ་ཆུ་མཛོད་གསར་རྒྱག་བྱས་པ་སོགས་བོད་ནང་གི་ཁོར་ཡུག་ལ་གཏོར་སྐྱོན་ཚབས་ཆེ་བྱེད་བཞིན་པ་དེས། བོད་ཀྱི་ཁོར་ཡུག་ཙམ་དུ་མ་ཟད་ཁུལ་དེར་གནས་སྡོད་མི་རྣམས་ཀྱི་འཚོ་བར་དོ་ཕོགས་གཏོང་བཞིན་པ་སོགས་ཀྱི་སྐོར་གསལ་སྟོན་གནང་ཡོད་པ་རེད་འདུག་ལ།  ཁོར་ཡུག་ཚོགས་ཆེན་དེའི་བརྒྱུད་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཉམས་ཞིབ་པ་རྣམ་གཉིས་ཀྱི་དམིགས་ཡུལ་གཙོ་བོ་ནི། རྒྱ་ནག་གཞུང་གིས་བོད་ཀྱི་རང་འབྱུང་ཁོར་ཡུག་དང་རིག་གཞུང་ལ་གནོད་སྐྱོན་བྱེད་བཞིན་ཡོད་པ་རྣམས་འགོག་ཐབས་དང་། བོད་ནང་གི་འབྲི་ཆུ་སྲུང་སྐྱོབ་ཆེད་རྒྱལ་སྤྱིའི་ཁྲོད་རྒྱབ་སྐྱོར་ཐོབ་ཐབས་བྱ་རྒྱུ་དེ་ཡིན་ཞེས་བདེ་ཆེན་དཔལ་མོ་ལགས་ཀྱིས་འགྲེལ་བརྗོད་གནང་གི་འདུག

ཡང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཉམས་ཞིབ་པ་དོན་གྲུབ་དབང་མོ་ལགས་ནས་ཀྱང་ཚོགས་ཆེན་གྱི་ཉིན་དང་པོའི་ཐོག རྒྱ་གཞུང་གིས་བོད་ནང་ཆུ་མཛོད་གསར་རྒྱག་གི་ལས་གཞི་སྤེལ་བཞིན་ཡོད་པ་དེ་ནི། བོད་ཀྱི་གནད་དོན་ཙམ་དུ་མ་ཡིན་པར་འཛམ་གླིང་ཁྱོན་ཡོངས་ཀྱི་ཁོར་ཡུག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད་པས། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དགོས་གལ་ཆེ་བ་ཡིན་སྐོར་གསུང་བཤད་གནང་ཡོད་པ་རེད་འདུག

རྩ་བའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ཚོགས་ཆེན་ཐེངས་ ༢༨ པ་དེ་བཞིན་སྔ་ལོར་དྷུ་བྷའི་ནང་འཚོགས་ཡོད་པ་དང་། ཐེངས་འདིའི་ཚོགས་ཆེན་ནང་འཛམ་གླིང་ས་ཕྱོགས་གང་ས་ནས་རྒྱལ་ཁབ་ཁྱོན་ ༡༩༨ ལྷག་ནས་མཉམ་ཞུགས་ཀྱིས། རྒྱལ་སྤྱིའི་ཁོར་ཡུག་དང་དཔལ་འབྱོར་གྱི་བརྗོད་གཞིའི་ཐོག་གྲོས་བསྡུར་གནང་རྒྱུ་ཡིན་པ་རེད་འདུག

གསར་འགོད་པ། བདེ་ཆེན་དབང་མོ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།










2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org