བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་སུ་ཏོག་དབྱིབས་རིམས་ནད་འགོས་ཡོད་པ་མི་གྲངས་ཉིས་སྟོང་བརྒལ་འདུག

བོད་ཀྱི་རྒྱལ་ས་ལྷ་ས་གཙོས་བོད་ཀྱི་ས་ཁུལ་མང་པོའི་ནང་ཏོག་དབྱིབས་རིམས་ནད་མུ་མཐུད་དུ་འགོས་ཁྱབ་འགྲོ་བཞིན་པ་དང་བོད་རང་སྐྱོང་ལྗོངས་ཟེར་བ་གཅིག་པུའི་ཁོངས་སུ་རིམས་ནད་འགོས་ཡོད་པ་མི་གྲངས་ཉིས་སྟོང་བརྒལ་འདུག

ལྷ་སར་མི་ཚོར་ཏོག་དབྱིབས་རིམས་ནད་འགོས་ཡོད་མེད་བརྟག་དཔྱད་བྱེད་བཞིན་པ། ༠༨།༠༩།༢༠༢༢ CNS / AFP
  • བོད་ནང་ཏོག་དབྱིབས་རིམས་ནད་མུ་མཐུད་དུ་འགོས་ཁྱབ་འགྲོ་བཞིན་འདུག
  • བོད་ཀྱི་རྒྱལ་ས་ལྷ་ས་གཙོས་ས་ཁུལ་ཁག་ནང་ཏོག་དབྱིབས་ནད་ཡམས་ཀྱི་ནད་རྟགས་ཐོན་པའི་གྲངས་འབོར་ཉིས་སྟོང་བརྒལ་འདུག

དེ་ཡང་རྒྱ་ནག་གི་གསར་ལམ་ཁག་གི་གནས་ཚུལ་དང་གྲངས་ཐོ་གཞིར་བཞག་ན། ཕྱི་ཟླ་༨ ཚེས་༡༦ཉིན་གྱི་ཉིན་གུང་ཆུ་ཚོད་གཉིས་པ་བར། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཏོག་དབྱིབས་རིམས་ནད་ཀྱི་ནད་རྟགས་ཡོད་པ་མི་༡༨༦དང་། ནད་རྟགས་མི་མངོན་པ་མི་༡༩༨༣བཅས་ཁྱོན་མི་༢༡༦༩ཐོན་པ་དང་། བོད་ཀྱི་རྒྱལ་ས་ལྷ་སར་ཚེས་༡༥བར་ནད་རྟགས་ཡོད་པ་༣༢དང་། ནད་རྟགས་མི་མངོན་པ་༡༠༢༨བྱུང་འདུག གཞིས་རྩེར་ནད་རྟགས་ཐོན་པ་༩༨དང་ནད་རྟགས་མི་མངོན་པ་༩༩༢བྱུང་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་རྒྱལ་ས་ལྷ་ས་གཙོས་བོད་ཀྱི་ས་ཁུལ་མང་པོའི་ནང་ཏོག་དབྱིབས་རིམས་ནད་འགོས་ཁྱབ་ཤུགས་ཆེ་བྱུང་བཞིན་པའི་སྐབས་འདིར། ད་དུང་ཡང་བོད་ནང་རྒྱ་ནག་ནས་ཡུལ་སྐོར་སྤྲོ་འཆམ་དུ་སླེབས་པ་མང་པོ་ཞིག་ཡོད་སྟབས། བོད་ནང་ནད་ཡམས་སྔོན་འགོག་དང་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་ཐོག་འགོག་རྐྱེན་འཕྲད་བཞིན་ཡོད་འདུག་ལ། ཏོག་དབྱིབས་འགོས་ནད་ཕོག་པའི་ཁོངས་སུ་རྒྱ་ནག་ནས་འབྱོར་བའི་ཡུལ་སྐོར་སྤྲོ་འཆམ་པ་ཡང་མང་པོ་ཡོད་འདུག
རྒྱ་ནག་གཞུང་གིས་བོད་ནང་རྒྱ་ནག་ནས་ཡུལ་སྐོར་སྤྲོ་འཆམ་པ་གང་མང་ཡོང་རྒྱུར་སྐུལ་མ་བྱེད་བཞིན་ཡོད་ལ། དེ་དང་དུས་མཚུངས་རྒྱ་ནག་ནང་བོད་ནི་ཏོག་དབྱིབས་ནད་ཡམས་མ་ཁྱབ་པའི་ས་ཁུལ་གཅིག་པུ་དེ་ཡིན་པར་ངོས་འཛིན་གྱིས་འདི་ལོ་བོད་ནང་རྒྱ་རིགས་ཡུལ་སྐོར་སྤྲོ་འཆམ་པ་ཧ་ཅང་མང་པོ་སླེབས་འདུག མིང་འབོད་མ་བྱས་པའི་བོད་ནང་གི་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། རྒྱ་རིགས་ཡུལ་སྐོར་བ་མང་དྲགས་པའི་རྐྱེན་གྱིས་རྒྱལ་ས་ལྷ་སའི་རྒྱལ་བའི་ཕོ་བྲང་རྩེ་པོ་ཏཱ་ལར་སྐྱོད་མཁན་གྱི་ཡུལ་སྐོར་བར་སྤ་སེ་མི་རག་པའི་དཀའ་ངལ་དང་སྤ་སེ་ལྐོག་ཚོང་རྒྱབ་པའི་གནད་དོན་སོགས་མང་པོ་བྱུང་ཡོད་འདུག ད་ཆ་ཏོག་དབྱིབས་རིམས་ནད་ཤུགས་ཆེ་འགོས་ཁྱབ་ཀྱི་གནས་སྟངས་འོག་ཡུལ་སྐོར་སྣེ་ལེན་གྱི་ལས་དོན་ཡོངས་རྫོགས་གནས་སྐབས་མཚམས་འཇོག་བྱས་ཡོད་པ་རེད།


གཞིས་ཀ་རྩེའི་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ཡུལ་སྐོར་བའི་ཁྲོད་དུ་ཡང་ནད་རྟགས་མི་མངོན་པའི་རིགས་ཁག་ཅིག་ཐོན་ཡོད་སྟབས། དེ་ནི་རིམས་ནད་ཁྱབ་གདལ་ལ་ཉེན་ཁ་ཆེན་པོ་ཞིག་ཡིན་པར་ངོས་འཛིན་གནང་གི་འདུག་ལ། ད་དུང་ཁོང་གིས། ད་རེས་བོད་ནང་ནད་ཡམས་ཀྱི་དཀའ་ངལ་ཆེན་པོ་འདི་ལྟ་བུ་འཕྲད་བཞིན་པའི་སྐབས། རྒྱ་ནག་ནས་ཡོང་མཁན་ཡུལ་སྐོར་བ་འདི་ཚོར་འགྲིམ་འགྲུལ་དང་མགྲོན་ཁང་མཁོ་འདོན། འགོས་ནད་ཕོག་ཡོད་མེད་ཀྱི་བརྟག་དཔྱད་བྱེད་དགོས་པ་སོགས་ལས་ཀ་འཕར་མ་ཆགས་ཡོད་པ་བརྗོད་ཀྱི་འདུག
ཚེས་༡༦ཉིན་བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཚན་པས་བརྡ་ཁྱབ་ཅིག་བཏང་འདུག་པ་དེའི་ནང་། ཚེས་༡༦ཉིན་ནས་བཟུང་བོད་ནས་ཐོན་མཁན་ཡོངས་རྫོགས་ཀྱིས་ཉིན་གསུམ་བསྟུད་མར་ཆུ་ཚོད་༢༤བར་ཐག་བཞག་སྟེ་འགོས་ནད་ཕོག་ཡོད་མེད་བརྟག་དཔྱད་ཐེངས་གཉིས་ངེས་པར་དུ་བྱ་དགོས་པ་དང་། འགོས་ནད་ཕོག་མེད་པའི་དཔང་ཡིག་ཡོད་ན་མ་གཏོགས་བོད་ནས་ཕྱིར་ཐོན་མི་ཆོག་པ་བརྗོད་འདུག་ལ། གནམ་ཐང་དང་མེ་འཁོར་རི་ལིའི་བབ་ཚུགས་ཁག་ཏུ་ཉུང་མཐར་ཆུ་ཚོད་གསུམ་སྔོན་ལ་སྐྱོད་དགོས་པ་བརྗོད་འདུག
རྒྱ་ནག་གིས་བོད་རང་སྐྱོང་ལྗོངས་ཞེས་འབོད་པའི་ཁོངས་ཀྱི་བོད་ཀྱི་རྒྱལ་ས་ལྷ་ས་དང་། གཞིས་རྩེ་དང་མངའ་རིས། ནག་ཆུ་སོགས་དང་དེ་བཞིན་མཚོ་སྔོན་གྱི་ཡུལ་ཤུལ་དང་མཚོ་ལྷོ། མཚོ་ནུབ་ཀྱི་ན་གོར་མོ་། གཏེར་ལེན་ཁ། ཏུའུ་ལན་སོགས་སུ་ཉིན་རེར་ཏོག་དབྱིབས་ནད་ཡམས་ཀྱི་ནད་རྟགས་པའི་མི་གྲངས་མང་དུ་འགྲོ་བཞིན་འདུག་ཅིང་། རྒྱ་ནག་གཞུང་འབྲེལ་གྱི་ཉིན་རེའི་ཚགས་པར་ཁང་གིས་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་གསར་འགྱུར་མགྲིན་ཚབ་པ་དང་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་བསྟན་འཛིན་ལྷུན་གྲུབ་ཀྱི་སྐད་ཆ་ལུང་འདྲེན་བྱས་བ་ལྟར་ན། ཕྱི་ཟླ་༨པའི་ཚེས་༡༦ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གཉིས་པའི་བར་བོད་རང་སྐྱོང་ལྗོངས་ཁྱོན་ཡོངས་ནས་ནད་རྟགས་ཐོན་ནད་པ་གསར་བ་༡༨༦བྱུང་བ་དང་། ནད་རྟགས་མི་མངོན་པ་མི་གྲངས་༡༩༨༣བྱུང་བ་དེའི་ཁྲོད་ནས་ལྷ་ས་ནས་༧༩དང་། གཞིས་རྩེ་ནས་༡༡༤། ལྷོ་ཁ་ནས་༣༦དང་། མངའ་རིས་ནས་༢༨། ནག་ཆུ་ནས་༡༡བཅས་བྱུང་འདུག
གཞན་ཡང་མཚོ་སྔོན་ཞིང་ཆེན་ཁོངས་སུ་ཕྱི་ཟླ་༨པའི་ཚེས་༡༥ཉིན་མཚོ་ནུབ་ཁུལ་དུར་ལམ་རྫོང་དུ་མི་གཅིག་དང་། ན་གོར་མོ་གྲོང་ཁྱེར་དུ་ནད་པ་གཉིས་གསར་དུ་བྱུང་བ་བཅས་མཚོ་ནུབ་ཁུལ་ཁྱོན་ཡོངས་ནས་ནད་རྟགས་ཐོན་པའི་ནད་པ་༡༤བྱུང་འདུག དེ་བཞིན་ཡུལ་ཤུལ་ཁུལ་སྟེ་སྐྱེ་དགུ་མདོར་ཕྱི་ཟླ་༨པའི་ཚེས་༡༤ཉིན་ནད་པ་གཅིག་གསར་དུ་བྱུང་བ་དང་། ཚེས་༡༦ཉིན་ཟི་ལིང་གྲོང་ཁྱེར་དུ་ནད་རྟགས་ཐོན་པ་མི་༦བྱུང་བ་རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་སྤེལ་ཁང་གིས་ཕྱི་ཚེས་༡༦ཉིན་ཟི་ལིང་ནས་གནས་ཚུལ་སྤེལ་འདུག
གཞན་ཡང་ཁ་སྔོན་ཏོག་དབྱིབས་ནད་ཡམས་ཐོན་ས་ཀན་སུའུ་ཞིང་ཆེན་ཁོངས་གཏོགས་མདོ་ལྷོ་ཁུལ་དུ་ཕྱི་ཟླ་༨ཚེས་༡༤བར་མདོ་ལྷོ་ཁུལ་ཡོངས་ནས་ཏོག་དབྱིབས་ནད་ཡམས་ཕོག་པའི་ནད་པ་༥༢༢བྱུང་ཡོད་པའི་ཁྲོད་ནད་པ་༣༢བསང་ཆུ་རྫོང་གི་ཡིན་པ་དང་། ནད་པ་དགུ་རྨ་ཆུ་རྫོང་གི་ཡིན་འདུག གཞན་ནད་ཚ་མེད་ཀྱང་ནད་རྟགས་ཡོད་མཁན་རྫོང་དེ་གཉིས་ནང་མི་གྲངས་༤༨༡བྱུང་ཡོད་པ་བརྗོད་འདུག འོན་ཀྱང་དེ་དག་གི་ཁོངས་ནས་མི་ཇི་ཙམ་དྲག་བསྐྱེད་བྱུང་ཡོད་མེད་གནས་ཚུལ་གང་ཡང་བཀོད་མི་འདུག

གསར་འགོད་པ། སྐལ་ལྡན་བློ་གྲོས། ལྕགས་མོ་འཚོ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org