བོད་མིའི་སྒྲིག་འཛུགས་ཀྱིས་སྤྱི་ལོ་༢༠༢༤ལོའི་བཙན་བྱོལ་བོད་མིའི་ཁྱིམ་ཐོ་ཞིབ་བཤེར་གནང་གཏན་འཁེལ་འདུག

2024.02.02
བོད་མིའི་སྒྲིག་འཛུགས་ཀྱིས་སྤྱི་ལོ་༢༠༢༤ལོའི་བཙན་བྱོལ་བོད་མིའི་ཁྱིམ་ཐོ་ཞིབ་བཤེར་གནང་གཏན་འཁེལ་འདུག བོད་མིའི་སྒྲིག་འཛུགས་ཀྱིས་སྤྱི་ལོ་༢༠༢༤ལོའི་བཙན་བྱོལ་བོད་མིའི་ཁྱིམ་ཐོ་ཞིབ་བཤེར་གནང་གཏན་འཁེལ་པའི་གསར་འགོད་གསལ་བསྒྲགས་སྐབས། ༠༢།༠༢།༢༠༢༤
བསྟན་འཛིན་དོན་ཡོད། RFA/Dhasa

བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་དང་ནང་སྲིད། འཕྲོད་བསྟེན་དང་ཤེས་རིག་ལྷན་ཁང་བཅས་ཀྱི་སྤྱི་ཚོགས་ཞབས་ཞུའི་ལས་ཁུངས་ཁག་གི་ངོས་ནས། སྤྱི་ཟླ་༢པའི་ཚེས་༢ཉིན་བཞུགས་སྒར་རྡ་རམ་ས་ལར་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། རིང་མིན་སྤྱི་ཟླ་༢པའི་ཚེས་༡༧ནས་བཟུང་སྟེ་རྒྱ་གར་དང་བལ་ཡུལ་ནང་གི་བོད་མི་བཙན་བྱོལ་བའི་ཁྱིམ་ཐོ་ཞིབ་བཤེར་གནང་རྒྱུ་ཡིན་པ་དང་། ཁྱིམ་ཐོ་ཞིབ་བཤེར་འདི་ནི་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་བཞི་མཉམ་རུབ་ཀྱིས། འདས་པའི་ལོ་དྲུག་ཅུའི་ནང་ཐེངས་དང་པོར་ཁྱིམ་ཐོ་ཞིབ་བཤེར་གནང་བ་ཐོག་མ་དེ་ཡིན་པ་དང་། དེའི་ནང་རྒྱ་གར་དང་བལ་ཡུལ་ནང་གི་བོད་མི་ཚང་མ་འཛུལ་ཞུགས་གནང་རྒྱུར་འབོད་སྐུལ་དང་འབྲེལ། ལས་གཞི་འདི་ནི་འབྱུང་འགྱུར་གྱི་ལོ་བཅུ་ལ་བསམ་བློ་བཏང་སྟེ་འཆར་གཞི་སྒྲིག་གི་ཡོད་པ་སོགས། ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ནས་འགྲེལ་བརྗོད་གནང་སོང་།
ད་རེས་ཁྱིམ་ཐོ་གྲངས་བཤེར་ཆེད་སྤྱི་ཟླ་༢པའི་ཚེས་༡༧ དང་༡༨ ་གྲངས་བཤེར་པ་ཚོར་ཟབ་སྦྱོང་འགོ་འཛུགས་དང་བསྟུན། གཞིས་ཆགས་སོ་སོའི་ནང་ཁྱིམ་ཐོ་གྲངས་བཤེར་པ་རྣམས་ཕེབས་ནས་སྤྱི་ཟླ་༣པའི་ཟླ་མཇུག་བར་ཁྱིམ་ཐོ་ཞིབ་བཤེར་གནང་རྒྱུ་ཡིན་པ་དང་། མཇུག་ཏུ་དྲ་ལམ་བརྒྱུད་ནས་དབྱེ་ཞིབ་དང་སློབ་སྟོན་གནང་བའི་མུར། ཕྱོགས་བསྡོམས་ཀྱི་གྲངས་ཐོ་བསྡུ་རུབ་ཀྱིས་དྲྭ་ངོས་སུ་བསླེབ་ཡོང་གི་ཡོད་པ་རེད།
ཡང་གསར་འགོད་གསལ་བསྒྲགས་སྐབས་ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་ནས་ཀྱང་། ཁྱིམ་ཐོ་གྲངས་བཤེར་དེ་གལ་ཆེན་ཆགས་དོན་ནི། ད་ལྟ་ང་ཚོས་ལས་ཀ་ག་རེ་བྱས་ཀྱང་། སྐེ་མཚམས་ལ་འབྲེལ་བ་བྱས་ནས་གྲངས་ཀ་གནང་རོགས་ཞེས་ལབ་བསྡད་པ་ཡིན་ན། རྒྱུན་རིང་པོར་ང་ཚོ་ཚང་མ་རྗེས་ལུས་ཐེབས་པའི་གནས་སྟངས་ཆགས་ཡོང་གི་ཡོད་པས། དེ་ལས་ཁྱིམ་ཐོ་ཞིབ་བཤེར་གྱི་ལས་འཆར་འདི་བརྒྱུད་ནས་ང་ཚོར་གྲངས་ཐོ་དེ་གནང་ཐུབ་པ་ཡིན་ན། མ་འོངས་པར་ལྷན་ཁང་ཁག་བཞིས་ལས་ཀ་ཚགས་ཚུད་དང་ཕུགས་རྒྱང་རིང་པོའི་ལས་འཆར་སྒྲིག་རྒྱུར་ཕན་ཐོགས་ཁྱད་པར་ཅན་ཡོད་པ་འགྲེལ་བརྗོད་གནང་གི་འདུག
འཛམ་གླིང་སྤྱིར་ཁྱིམ་ཐོ་གྲངས་བཤེར་གནང་རྒྱུ་དེ་དེང་སང་གལ་ཆེན་དུ་བརྩི་བཞིན་པ་མ་ཟད། ལྷག་པར་བཙན་བྱོལ་བོད་མི་ཕལ་མོ་ཆེ་གནས་ཡུལ་རྒྱ་གར་ནང་མངའ་སྡེ་རེ་རེ་བཞིན་ཁྱིམ་ཐོ་གྲངས་བཤེར་དོ་ནན་གྱིས་གནང་འཆར་ཡོད་པ་དང་། སྤྱི་ལོ་༢༠༢༢ལོའི་སྤྱི་ཟླ་༥པའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་བཞིའི་སྤྱི་ཚོགས་ཞབས་ཞུའི་སྡེ་ཚན་ཁག་གི་དྲུང་ཆེ་རྣམ་པས་ཚོགས་འདུའི་ཐོག་གོ་བསྡུར་ནང་། ཁྱིམ་ཐོ་གྲངས་བཤེར་བྱས་ན་གནས་སྟངས་གསལ་བོ་ཧ་གོ་ཐུབ་པ་དང་། སྤྱི་ཚོགས་ཞབས་ཞུའི་ལས་དོན་ཁག་ཚད་ལྡན་ཚགས་ཚུད་ཡོང་བ་ནི། འདས་པའི་སྤྱི་ལོ་༢༠༡༧ནས་༢༢བར་འཕྲོད་བསྟེན་ལས་ཁུངས་ནས་ཁྱིམ་ཐོ་ཞིབ་བཤེར་ཐེངས་གཉིས་གནང་སྟེ། འཕྲོད་བསྟེན་གྱི་འཆར་གཞི་བཏིང་བ་རྣམས་ཚགས་ཚུད་དང་དོན་ལྡན། གྲངས་ཚད་ཏག་ཏག་འགྲིགས་པ་སོགས་བྱུང་བར་མིག་དཔེ་བལྟས་ཏེ། ལྷན་ཁང་ཁག་བཞི་ནས་ཁྱིམ་ཐོ་བསྡུ་རུབ་ཀྱི་ཆེད་སྤྱི་ལོ་༢༠༢༢ལོ་ནས་འགྲོ་གྲོན་ཐབས་འཚོལ་དང་ཆེད་ལས་པ་བཙལ་འཚོལ་སོགས་འགོ་འཛུགས་གནང་ཡོད་འདུག


གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎