ཨ་རི་སྐུ་ཚབ་དོན་གཅོད་འཕོ་འགྱུར་བཏང་བ་དེ་བཀའ་ཤག་སྤྱི་མོས་ཀྱི་ཐག་གཅོད་རེད།
སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས ཨ་རི་སྐུ་ཚབ་དོན་གཅོད་འཕོ་འགྱུར་བཏང་བ་དེ་ནི་བཀའ་ཤག་སྤྱི་མོས་ཀྱི་ཐག་གཅོད་རེད་ཅེས་གསུངས་བཞག།
-
2017-11-09 -
-
-
Your browser doesn’t support HTML5 audio
༄༅། ། དེ་རིང་རེས་གཟའ་ཕུར་བུའི་ཉིན་སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་བཏང་བའི་གནད་དོན་ཐོག་བོད་མིའི་སྤྱི་ཚོགས་ཁྲོད་ལབས་གླེང་ཕྲན་བུ་ཡོང་བཞིན་ཡོད་སྟབས་ཁོང་གིས། གནད་དོན་གཙོ་བོ་ཁ་ཤས་ཐོག་གསལ་བཤད་གནང་བ་བརྒྱུད་གནས་ཚུལ་ངོ་མ་ཇི་ཡིན་ཁ་གསལ་ཡོང་བའི་རེ་བ་གནང་འདུག། ཁོང་གི་གསུངས་ན། བྱང་ཨ་རི་སྐུ་ཚབ་དོན་གཅོད་ད་ལམ་འཕོ་འགྱུར་གཏོང་དགོས་པའི་རྒྱུ་མཚན་གཙོ་བོ་ནི། དོན་གཅོད་ལས་ཐོག་སྤེན་པ་ཚེ་རིང་ལགས་ཀྱིས་དོན་གཅོད་ཀྱི་ལས་འགན་འཁྱེར་བ་ནས་བཟུང་༢༠༡༧གྱི་ཕྱི་ཟླ་ ༧ཟླ་མཇུག་ཙམ་བར་ཏེ་ལོ་གཅིག་ཀྱང་མ་འཁོར་བའི་རིང་དེར་ཕྱག་ལས་གནང་ཕྱོགས་ཐོག་ལ་བཀའ་ཤག་ཕྲན་བུ་ཐུགས་བློ་མ་ཁེངས་པ་དང་། བློ་འཚབ་དང་བཅས་ཁོང་ལ་ཕྱག་བྲིས་ཐེངས་ ༣ གནང་དགོས་བྱུང་ཡོད་པ། དང་པོ་གཉིས་དེ་ཕྱི་དྲིལ་ལས་ཁུངས་བརྒྱུད་ནས་གནང་བ་དང་། གསུམ་པ་དེ་བཀའ་དྲུང་ཡིག་ཚང་བརྒྱུད་བླང་དོར་བརྡ་སྟོན་ཕྱག་བྲིས་ཐེངས་གསུམ་གནང་དགོས་བྱུང་ཡོད་པས་ཕྱག་བྲིས་གསུམ་པོ་དེ་ཚོའི་ནང་དོན་ཇི་ཡིན་འདིར་ཞིབ་ཕྲ་ཞུ་དགོས་པའི་གནས་སྟངས་ཤིག་གང་ཡང་མེད་སྐོར་གསུངས་པ་ལས་འཐུས་ཤོར་གནད་དོན་ག་རེའི་ཐོག་ཕྱིན་ཡོད་མེད་ཁ་གསལ་འགྲེལ་བཤད་གནང་མི་འདུག། དེ་བཞིན་སྲིད་ཚབ་ཆོས་རིགས་བཀའ་བློན་མཆོག་གིས་་་དོན་གཅོད་སྤེན་པ་ཚེ་རིང་ལགས་སུ་ཕྱག་བྲིས་གསུམ་པ་དེ་ཕྱི་ཟླ་ ༧པའི་ཟླ་མཇུག་ཙམ་ལ་གནང་ཡོད་སྟབས་ད་བར་ཟླ་བ་གསུམ་ཙམ་ལས་ཕྱིན་མེད་པར་བརྟེན་ད་ཆ་ལམ་ནོར་ལྡོག་ཤེས་དགོས་ངེས་ཡིན་ཡང་དེ་ལྟར་རྩ་བ་ནས་མེད་པར་གནས་པ་དེ་གསལ་པོ་ཆགས་སྟབས་བར་ལམ་ནས་བཀའ་ཤག་ནང་གནས་སྟངས་དེའི་ཐོག་བསྐྱར་ཞིབ་ཆེད་བཀའ་བསྡུར་རིམ་པ་མང་པོ་གནང་མཐར་ཁོང་གི་ལས་འགན་འཕོ་འགྱུར་གཏང་རྒྱུ་དེར་བཀའ་ཤག་ནས་སྤྱི་མོས་ཐོག་ཐག་གཅོད་བྱུང་བ་རེད་ཅེས་གསུངས་འདུག།
དེ་བཞིན་སྲིད་ཚབ་མཆོག་གིས། སྐུ་ཚབ་སྤེན་པ་ཚེ་རིང་མཆོག་ནས་དེ་སྔ་བོད་
མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོའི་ཐུགས་འགན་བཞེས་ཕྱོགས་ལ་ང་ཚོས་ངོས་འཛིན་ཞུས་དང་ཞུ་བཞིན་ཡོད་ཀྱང་སྟབས་མི་ལེགས་པ་ཞིག་ལ་ཁོང་ནས་སྐུ་ཚབ་དོན་གཅོད་ཀྱི་ཕྱག་ལས་འགན་འཁུར་གནང་ཕྱོགས་དེ་དང་མཚུངས་པ་ཞིག་ང་ཚོའི་འདོད་པ་ཁེངས་པ་ཞིག་བྱུང་མ་སོང་། ཡིན་ནའང་། ཁོང་རང་གི་མ་འོངས་པར་གནང་སྒོ་གང་ཡོད་རྣམས་ལམ་ལྷོངས་ཡོང་བའི་རེ་བ་ཞུ་གིན་ཡོད་ཅེས་འགྲེལ་བརྗོད་གནང་བཞག།
གསར་འགོད་པ་རིག་ལྡན་སྒྲོལ་མ།