སྲིད་སྐྱོང་མཆོག་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་དགའ་བསུ།
2012.11.03
༄༅༎འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་གཙོ་འཛིན་སྐུ་ན་ཝི་པིལ་ལེ་མཆོག་གིས། བོད་དོན་རྒྱབ་སྐྱོར་གྱི་བསྒྲགས་གཏམ་སྤེལ་བར་བོད་མིའི་སྒྲིག་འཛུགས་ལ། སྙིང་སྟོབས་འཕར་མ་ཞིག་བྱུང་ཞེས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དགའ་བསུའི་གསལ་བསྒྲགས་ཤིག་སྤེལ་འདུག
སྤྱི་ཟླ་༡༡ ཚེས་༢ ཉིན་ཇི་ནི་ཝར་ནས་སྤེལ་བའི་བསྒྲགས་གཏམ་དེ་ཡི་ནང༌། བོད་མི་རྣམས་ཡུན་རིང་ནས་དཀའ་ངལ་མྱངས་དང་མྱོང་བཞིན་པར་བརྟེན་ད་ཆ་རང་ལུས་མེར་སྲེག་གཏོང་རྒྱུས་མཚོན་་འུ་ཐུག་ཐབས་ཟད་ཀྱིས་ལས་འགུལ་སྤེལ་ཏེ། རྒྱ་ནག་གཞུང་གིས་དམ་བསྒྲགས་ལ་ངོ་རྒོལ་བྱེད་དགོས་པའི་གནས་སྟངས་ཆགས་ཡོད་པ་དང། བོད་མི་ཚོས་རང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་བྱས་པར་རྒྱ་ནག་གཞུང་གིས་དྲག་གནོན་མུ་མཐུད་བྱེད་བཞིན་པའི་གནས་སྟངས་དེར་ཧ་ཅང་སེམས་འཚབ་ཆེན་པོ་བྱེད་བཞིན་ཡོད་པར་བརྟེན། རྒྱ་ནག་གཞུང་གིས་བོད་མིའི་དཀའ་ངལ་དེ་དག་གང་མྱུར་སེལ་ཐབས་བྱེད་དགོས་བཀོད་ཡོད་པ་ནི། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་ནང་གི་གནས་སྟངས་ཧ་ཅང་ཛ་དྲག་ཡིན་པར་ངོས་འཛིན་བྱས་པ་ཞིག་རེད་ཅེས། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུངས་འདུག
ད་དུང་སྲིད་སྐྱོང་མཆོག་གིས། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནང་ནས། བོད་ལ་འགྲོ་བ་མིའི་ཐོབ་ཐང་དང༌། སྨྲ་བརྗོད་རང་དབང་སྤྲོད་དགོས་པ། རྒྱལ་ཚོགས་ཀྱི་དམིགས་བསལ་རྟོག་ཞིབ་ཚོགས་ཆུང་ཞིག་བོད་ནང་ཡོང་བཅུག་དགོས་པའི་འབོད་སྐུལ་རྒྱ་ནག་གཞུང་ལ་ཐེངས་༡༢་བྱས་པ་ལག་བསྟར་མཇུག་སྐྱོང་ཡོང་བའི་ཡིད་ཆེས་བརྟན་པོ་ཡོད་ཅེས་དང༌། རྒྱ་ནག་གཞུང་གིས། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་རེ་འདུན་བཏོན་པ་མཁྲེགས་བཟུང་བྱས་པར་བརྟེན། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མིའི་གྲས་སུ་ཡོད་པའི་རྒྱལ་ཁབ་༤༧ གྱི་ཚོགས་མི་རྣམས་ལ་བོད་དོན་ཆེད་དམིགས་བསལ་ཛ་དྲག་གི་ལྷན་ཚོགས་ཤིག་ཚུགས་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན་བརྗོད་འདུག
༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་རྒྱ་གར་གཞུང་གིས་རྒྱ་ནག་དང་འབྲེལ་ལམ་བྱེད་པའི་སྐབས་བོད་ཀྱི་གནད་དོན་ཐོག་དེ་སྔོན་ལས་ལངས་ཕྱོགས་བརྟན་དུ་ཕྱིན་ཡོད་པའི་སྐོར་བཀའ་གནང་འདུག།