སྔ་འགྱུར་རྙིང་མའི་ཆོས་བརྒྱུད་འཛིན་པ་ཡོངས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་གནང་རྒྱུ་རེད།
དཔལ་གསང་ཆེན་སྔ་འགྱུར་རྙིང་མའི་ཆོས་བརྒྱུད་འཛིན་པ་ཡོངས་ཀྱིས་སྤྱི་ནོར་༧གོང་ས་མཆོག་ལ་རྡོ་རྗེ་གདན་ནས་བརྟན་བཞུགས་བསྟར་འབུལ་གནང་རྒྱུ་ཡིན་འདུག
- 2023-01-17
-
-
-
དཔལ་གསང་ཆེན་སྔ་འགྱུར་རྙིང་མའི་ཆོས་བརྒྱུད་འཛིན་པ་ཡོངས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ཟླ་བ་འདིའི་ཕྱི་ཚེས་༡༨ཉིན་རྒྱ་གར་གྱི་ནང་པའི་གནས་མཆོག་རྡོ་རྗེ་གདན་ནང་བསྟན་གཞི་བྱེད་པའི་དཔལ་ཡུལ་རྣམ་གྲོལ་གླིང་དགོན་པའི་ཚོམས་ཆེན་ནང་། སྔ་འགྱུར་རྙིང་མའི་ཆོས་བརྒྱུད་འཛིན་པ་ཡོངས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་འདུག
ད་རེས་ཀྱི་བརྟན་བཞུགས་གོ་སྒྲིག་གནང་ཕྱོགས་ཐད། བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་སུ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བཅར་འདྲི་ཞུས་པར། ཁོང་གིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་འབུལ་རྒྱུའི་གསོལ་འདེབས་ཡུན་རིང་གོང་ནས་ཞུས་ཡོད་ན་ཡང་། འཛམ་གླིང་ཁྱོན་ཡོངས་སུ་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་གྱི་དཀའ་ངལ་བྱུང་བའི་གནས་སྟངས་འོག བརྟན་བཞུགས་ཀྱི་ཚེས་གྲངས་ཕར་འགྱངས་ཕྱིན་ནས་ད་རེས་གནས་མཆོག་རྡོ་རྗེ་གདན་དུ་བརྟན་བཞུགས་འབུལ་གཏན་འཁེལ་ཡོད་པ་དང་། བརྟན་བཞུགས་ཀྱི་གྲ་སྒྲིག་ནང་གལ་ཆེ་ཤོས་གཅིག་ནི་བརྟན་བཞུགས་ཀྱི་སྒྲུབ་ཞག་གནང་རྒྱུ་དེ་ཡིན། ད་རེས་ཀྱི་བརྟན་བཞུགས་ཐོག་རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་སྔ་འགྱུར་རྙིང་མའི་དགོན་ཁག་༣༠༠ལྷག་ནས་ཁྱོན་དགེ་འདུན་པ་ཉིས་སྟོང་ལྷག་དང་གཞན་དད་ལྡན་མི་དམངས་མང་དག་ཞིག་ཕེབས་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད་པ་གསུང་བྱུང་།
ཐེངས་འདིའི་བརྟན་བཞུགས་ཀྱི་ཚོགས་མགོན་དུ་རྡོ་རྗེ་སློབ་དཔོན་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་དབུ་བཞུགས་ཐོག་གཞན་རྙིང་མའི་བླ་སྤྲུལ་ཁག་མང་པོ་ཞིག་ཕེབས་གནང་རྒྱུ་ཡིན་པ་དང་། བརྟན་བཞུགས་ཀྱི་མཛད་སྒོ་ཆ་ཚང་དགའ་ལྡན་ཕོ་བྲང་གི་དྲྭ་རྒྱ་བརྒྱུད་ཐད་གཏོང་གནང་རྒྱུ་ཡིན་འདུག།
གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།