༧གོང་ས་མཆོག་གིས་གང་ཉིད་ལྷ་སར་འཁྱུག་ཙམ་ཕེབས་ཐུབ་རེ་ཡོད་པ་བཀའ་བསྩལ་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ཀྱི་རྒྱལ་ས་གླེ་རུ་ཞབས་སོར་བདེ་བར་འཁོད་ཡོད་པ་དང་གང་ཉིད་རིམ་པས་ལྷ་སར་འཁྱུག་ཙམ་ཕེབས་ཐུབ་རེ་ཡོད་པ་བཀའ་བསྩལ་འདུག
- 2023-07-11
-
-
-
འདི་ཚེས་༡༡ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལྡི་ལི་ནས་མཁའ་ལམ་བརྒྱུད་རྒྱ་གར་བྱང་ཕྱོགས་ལ་དྭགས་ཀྱི་རྒྱལ་ས་གླེ་རུ་ཞབས་སོར་བདེ་བར་འཁོད་ཡོད་པ་དང་། སྐབས་དེར་ལ་དྭགས་གཤམ་སྟོད་གཞུང་གསུམ་གྱི་ཡུལ་འདྲ་མིན་ནས་ཡུལ་མི་ཚོ་གླེ་རུ་འཛོམས་ནས། རང་སོ་སོའི་ཡུལ་ལུང་ཆས་གོས་ཀྱི་རྒྱན་སྤྲོས་བ་དང་མཉམ་སེར་སྐྱ་མང་ཚོགས་སྟོང་ཕྲག་མང་པོས་དགའ་དད་སྤྲོ་གསུམ་ངང་ཕེབས་བསུ་ཞུས་བའི་ཁྲོད་༧གོང་ས་མཆོག་ལ་དྭགས་ཞི་བའི་ཚལ་ཕོ་བྲང་དུ་ཞབས་སོར་འཁོད་པ་དང་། ལ་དྭགས་ཁྲིག་སེ་དགོན་པ་དང་བདེ་སྐྱིད་དགོན་པའི་དབུ་བླ་༧ཁྲིག་སེ་རིན་པོ་ཆེ་ཡིས་ཕེབས་བསུ་ཞུས་ཏེ་ལ་དྭགས་ས་གནས་ཀྱི་གནད་ཡོད་མི་སྣ་ཁག་ཚང་འཛོམས་ཀྱིས་ཕེབས་སྟོན་མཛད་སྒོ་འཚོགས་སྐབས། ༧གོང་ས་མཆོག་གིས། སྐུ་ཉིད་དགུང་ལོ་གྱ་བརྒྱད་ཡིན་ན་ཡང་སྐུ་གཟུགས་གསལ་ཐང་ཡིན་པ་དང་ལ་དྭགས་ཡུལ་མི་རྣམས་ཀྱི་དད་པ་དམ་ཚིག་ལ་བསྔགས་བརྗོད་དང་འབྲེལ། ༧གོང་ས་མཆོག་གིས། རིམ་པས་རིམ་པས་ང་ལྷ་སར་འཁྱུག་ཙམ་འགྲོ་ཐུབ་པའི་བཟོ་ལྟ་ཞིག་འདུག ལ་དྭགས་ཡུལ་འདི་གནམ་གཤིས་ཀྱི་ཆ་ནས་ང་འཕྲོད་པོ་འདུག དེ་བས་ལོ་ལྟར་ང་ལ་དྭགས་སུ་བདུན་ཕྲག་གཉིས་གསུམ་རེ་སྡོད་རྩིས་ཡོད། ཅེས་བཀའ་བསྩལ་འདུག
མཛད་འཆར་ལྟར་ཕྱི་ཟླ་༧པའི་ཚེས་༡༠ཉིན་ལ་དྭགས་ས་གནས་སུ་མཁའ་ལམ་བརྒྱུད་ཆིབས་བསྒྱུར་གནང་གཏན་འཁེལ་ཡོད་ན་ཡང་། ཚེས་༡༠ཉིན་ལ་དྭགས་ས་གནས་དང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་གནམ་གཤིས་ཡག་པོ་མེད་པའི་རྐྱེན་གྱིས་གནམ་གྲུ་འཕུར་མ་ཐུབ་པར་བརྟེན། ཉིན་གཅིག་ཕྱིར་འགྱངས་བྱེད་དགོས་བྱུང་ཡོད་པ་རེད།
ལ་དྭགས་ནང་ཚོགས་དང་དགོན་ཚོགས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་༧ཚེས་༢༡དང་༢༢སོ་སོར་སྔ་དྲོའི་ཆོས་མཐུན་གཅིག་རིང་རྒྱལ་སྲས་དངུལ་ཆུ་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་སྒོ་ནས་ཆོས་འབྲེལ་གསུང་ཆོས་སྩོལ་གནང་མཛད་རྒྱུ་ཡིན་པ་དང་། ཕྱི་ཚེས་༢༣ཉིན་ལ་དྭགས་ནང་པ་ཡོངས་ཀྱི་ཚབ་ཞུས་ནས་ལ་དྭགས་དགོན་ཚོགས་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཡུན་དུ་བརྟན་སླད་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་མཛད་འཆར་འདུག་ལ། དེ་ཉིན་འཕགས་མཆོག་སྤྱན་རས་གཟིགས་ཀྱི་བཀའ་དབང་ཡང་སྩོལ་རྒྱུ་ཐུགས་གཏན་འཁེལ་ཡོད་པ་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་གསལ་བསྒྲགས་གནང་འདུག
གསར་འགོད་པ། འཕྲིན་ལས་ཆོས་སྒྲོན། ཀླུ་འབུམ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།