༧གོང་ས་མཆོག་གི་ཡང་སྲིད་ཐག་གཅོད་ཀྱི་དབང་ཆ་༧གོང་ས་མཆོག་ལས་རྒྱ་ནག་གཞུང་ལ་མེད། བཀའ་ཤག་གིས།

༧གོང་ས་མཆོག་གི་མ་འོངས་སྐུའི་ཡང་སྲིད་དང་འབྲེལ་བའི་ཐག་གཅོད་ཀྱི་དབང་ཆ་ཚང་མ་༧གོང་ས་མཆོག་ཁོ་ན་ལ་ཡོད་པ་ལས་རྒྱ་ནག་གཞུང་ལ་བདག་དབང་གང་ཡང་མེད་པ་བོད་མིའི་སྒྲིག་འཛུགས་ཀྱིས་གསལ་སྟོན་གནང་འདུག

སྤྱི་ནོར༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག ༠༨།༢༠༢༢ OHHDL

༧གོང་ས་མཆོག་གི་མ་འོངས་སྐུའི་ཡང་སྲིད་དང་འབྲེལ་བའི་ཐག་གཅོད་ཀྱི་དབང་ཆ་ཚང་མ་༧གོང་ས་མཆོག་ཁོ་ན་ལ་ཡོད་པ་ལས་རྒྱ་ནག་གཞུང་ལ་བདག་དབང་གང་ཡང་མེད་པ་བོད་མིའི་སྒྲིག་འཛུགས་ཀྱིས་གསལ་སྟོན་གནང་འདུག
རྒྱ་ནག་གཞུང་གིས་སྤྱི་ལོ་༢༠༠༧ལོར་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱེད་ཐབས་ཞེས་པའི་ཁྲིམས་སྲོལ་གཏན་འབེབས་བྱས་ཏེ། བོད་ཀྱི་དགོན་སྡེ་ཁག་གི་འཛིན་སྐྱོང་སྤྱི་དང་། བྱེ་བྲག་ཏུ་བླ་སྤྲུལ་ཡང་སྲིད་ངོས་འཛིན་གྱི་དབང་ཆ་ཡོངས་རྫོགས་རྒྱ་ནག་གཞུང་གིས་སོ་སོའི་ཆབ་སྲིད་ཀྱི་དགོས་མཁོའི་ཆེད་བེད་སྤྱོད་བཏང་དང་གཏོང་བཞིན་པའི་ཐོག དེང་སང་བོད་ཀྱི་ས་ཁུལ་དུ་ཟབ་སྦྱོང་འཛིན་གྲྭ་དང་བགྲོ་གླེང་ཚོགས་འདུ། གཏམ་བཤད་སྐོར་སྐྱོད་སོགས་རྣམ་པ་ཅི་རིགས་ཀྱི་སྒོ་ནས་བོད་མི་སྐྱ་སེར་གཉིས་ལ་ཡང་སྲིད་སྐོར་སྤྱི་དང་། ཡང་སྒོས་༧རྒྱལ་བའི་ཡང་སྲིད་སྐོར་ལ་འཁྱོག་བརྗོད་ཀྱི་དྲིལ་བསྒྲགས་དང་། ལས་འགུལ་འདྲ་མིན་ཁྱོན་ཡོངས་ནས་སྤེལ་བཞིན་པ་མ་ཟད། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་ཕྱི་ནང་གང་སར་གླེང་སློང་ཇི་སྙེད་ཅིག་ཡོང་གི་ཡོད་པ་དང་། ད་དུང་མུ་མཐུད་ཡོང་ཉེན་ཡོད་པའི་རྒྱ་ནག་གཞུང་གི་བྱ་སྤྱོད་གསལ་བཤད་དང་སྦྲགས། བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་སྤྱི་ཚེས་༢༦ཉིན་སྐུའི་ཡང་སྲིད་ཐད་བཀའ་ཤག་གི་ལངས་ཕྱོགས་གསལ་བཤད་ཀྱི་དོན་ཚན་༦ཡོད་པ་ཞིག་བཏོན་ཡོད་ཅིང་། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ནས། བཀའ་ཤག་གི་ལངས་ཕྱོགས་ནི། ༧གོང་ས་མཆོག་གི་མ་འོངས་སྐུའི་ཡང་སྲིད་དང་འབྲེལ་བའི་ཐག་གཅོད་ཀྱི་དབང་ཆ་ཚང་མ་༧གོང་ས་མཆོག་ཁོ་ན་ལ་ཡོད་པ་ལས་རྒྱ་ནག་གཞུང་ལ་བདག་དབང་གང་ཡང་མེད་པ་གསལ་སྟོན་གནང་བ་འགྲེལ་བརྗོད་གནང་གི་འདུག
ཨ་མི་རི་ཀའི་གྲོས་ཚོགས་སུ་སྤྱི་ལོ་༢༠༢༠ལོར་བོད་ཐོག་འཛིན་པའི་སྲིད་བྱུས་དང་ཁྲིམས་འཆར་ཅིག་གཏན་འབེབས་ཐག་གཅོད་གནང་ཡོད་པའི་ནང་། ཨ་མི་རི་ཀ་གཞུང་གིས་༧གོང་ས་མཆོག་གི་སྐུའི་ཡང་སྲིད་ཐག་གཅོད་ཀྱི་དབང་ཚད་ནི། བོད་བརྒྱུད་ནང་བའི་རྗེས་འཇུག་པ་ཚོ་ཁོ་ན་ལ་ཡོད་པ་ལས། དེ་ལ་རྒྱ་ནག་གཞུང་གིས་ཐེ་བྱུས་བྱེད་མི་ཆོག་ཅེས་གསལ་བོ་དང་ཐད་ཀར་འཁོད་ཡོད་པར་བརྟེན། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་ཨ་མི་རི་ཀའི་གཞུང་ལ་སོགས་པའི་ཡང་སྲིད་ངོས་འཛིན་ཐད་རྒྱབ་སྐྱོར་གནང་མཁན་ཚོར། རྗེས་སུ་ཡི་རང་གནང་གི་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག
༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་ནི་འདས་པའི་མི་ལོ་དྲུག་བརྒྱ་ལྷག་རིང་། བོད་དང་སོག་ཡུལ། རྒྱ་ནག་དང་ཧི་མ་ལ་ཡའི་རི་བརྒྱུད་དང་བཅས་པར་ནང་པའི་བསྟན་པ་དར་སྤེལ་གྱི་སྲོག་ཤིང་ལྟ་བུ་ཆགས་ཡོད་པ་མ་ཟད། ཧོར་སོག་དང་རྒྱ་ནག་མན་ཇུ་དང་བཅས་པའི་རྒྱལ་པོ་དང་གོང་མ་ཚོའི་དད་གུས་ཞུ་ཡུལ་ཉག་གཅིག་ཏུ་གྱུར་ཏེ། ལོ་རྒྱུས་སུ་ཆོས་སྲིད་གང་གི་ཐད་ཤུགས་རྐྱེན་འགྲན་ཟླ་བྲལ་བ་ཞིག་ཆགས་ཡོད་པར་བརྟེན། ཁོང་གི་མཛད་འཕྲིན་དེ་ནང་པའི་ཤེས་རིག་གི་ཚབ་མཚོན་དུ་གྱུར་པ་དེ་འདྲ་ལོ་རྒྱུས་སུ་བྱུང་ཐུབ་མེད་པ་སོགས། ནོར་གླིང་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་སྨན་ཤེར་བློ་གྲོས་ལགས་ནས་གསལ་བཤད་དང་འབྲེལ། ལོ་རྒྱུས་ནང་རྒྱ་ནག་གིས་༧རྒྱལ་བའི་ཡང་སྲིད་ལ་ཐེ་བྱུས་བྱས་པ་ནི་སྐབས་ཉུང་ཤས་དང་། དེ་ཡང་སྐབས་འཚོལ་དང་བཙན་འཛུལ་གྱི་རྣམ་པས་བོད་ནང་དཀའ་ངལ་གནས་སྟངས་ཡོད་དུས་གོ་སྐབས་ལེན་ཐབས་བྱས་པ་ཙམ་ལས། སྤྲུལ་སྐུའི་ལམ་ལུགས་ཀྱི་ལོ་རྒྱུས་ནང་སྤྲུལ་སྐུ་ངོས་འཛིན་ལ་ཆབ་སྲིད་མི་སྣ་དང་ཁྱིམ་པས་ཐེ་བྱུས་བྱེད་པ་སོགས་ཡོང་སྲོལ་མེད་པ་འགྲེལ་བརྗོད་གནང་གི་འདུག
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། སྤྱི་ལོ་༢༠༡༡ལོ་ཟླ་༩པའི་ཚེས་༢༤ཉིན། གཞིས་བྱེས་བོད་མི་དང་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་པ་ཚོར་སྩལ་བའི་གལ་ཆེའི་བཀའ་ཡིག་ནང་། “གལ་ཏེ། རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་དགོས་པ་དང་། སྐུ་ཕྲེང་བཅོ་ལྔ་པ་ཡང་སྲིད་ངོས་འཛིན་བྱ་དགོས་ཀྱི་དུས་ཤིག་ཤར་ཚེ་དེའི་བྱེད་སྒོའི་འགན་ཁུར་གཙོ་བོ་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་པ་དང་། ཁོ་ཚོས་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པ་དང་། རྒྱལ་དབང་སྐུ་ཕྲེང་ན་རིམ་དང་ལུས་དང་གྲིབ་མ་བཞིན་འགྲོགས་པའི་དམ་ལྡན་ཆོས་སྲུང་ཁག་ལ་སྐབས་བསྟུན་ལམ་སྟོན་ཞུས་ཏེ། ཡང་སྤྲུལ་རྩད་གཅོད་ངོས་འཛིན་སྔོན་སྲོལ་བཞིན་བྱེད་དགོས་པ་”སོགས་ལམ་སྟོན་གསལ་བོ་གནང་ཡོད་པ་རེད།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org