བློ་ཕམ་སྐྱེས་གཞིའི་གནས་ཚུལ་རྣམས་བཟང་ཕྱོགས་ཀྱི་ལས་དོན་སྒྲུབ་པའི་ཆ་རྐྱེན་དུ་སྐྲུན་ཐབས་བྱ་དགོས། ༸གོང་ས་མཆོག་གིས།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ལམ་ས་ཡོམས་ཚབས་ཆེ་ཕོག་སྟེ་མི་གྲངས་ཁྲི་ཚོ་རྐྱེན་ལམ་སོང་བའི་ཏུར་ཀིའི་ཡུལ་མི་ཁག་ཅིག་ལ་མཇལ་ཁ་དང་བཀའ་སློབ་བསྩལ་འདུག
- 2023-04-03
-
-
-
Your browser doesn’t support HTML5 audio
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་ ༤ ཚེས་ ༣ ཉིན་ཏུར་ཀིའི་ཡུལ་མི་ཁག་ཅིག་ལ་མཇལ་ཁ་བསྩལ་ཞིང་། མཇལ་ཁར་བཅར་མཁན་གྱི་ཁོངས་ཀྱི་བེུད་ཞིག་གིས། རང་ཉིད་ཀྱིས་དཀའ་སྡུག་མྱངས་པའི་གནས་སྟངས་སེམས་སྡུག་ཆེན་པོས་ཞུས་པར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། འབྱུང་བའི་གོད་ཆག་ཁྲོད་དཀའ་ངལ་མྱངས་པར་ཐུགས་གསོ་མཛད་པ་དང་། སེམས་སྐྱོ་བའི་གནས་སྟངས་འདི་འདྲ་བྱུང་སྐབས་གནས་སྟངས་འདི་བྱམས་སྙིང་རྗེ་དང་སྙིང་སྟོབས་ཀྱི་ངོ་བོར་བསྒྱུར་ཐབས་བྱ་དགོས་པའི་བཀའ་སློབ་ཕེབས་འདུག་ཅིང་།
ཊར་ཀི་དང་སི་རི་ཡ་ནང་ཉེ་ལམ་ས་ཡོམས་ཀྱི་འབྱུང་བའི་གནོད་འཚེའི་ཁྲོད་མི་གྲངས་ཁྲི་ལྔ་ལྷག་རྐྱེན་ལམ་སོང་ཡོད་པ་དང་། དེའི་ནང་ཊར་ཀི་རྒྱལ་ཁབ་ནང་མི་གྲངས་བཞི་ཁྲི་ལྔ་སྟོང་དགུ་བརྒྱ་དྲུག་ཅུ་རེ་བརྒྱད་དང་སི་རི་ཡར་བདུན་སྟོང་ཉིས་བརྒྱ་ལྔ་བཅུ་ང་དགུ་བཅས་རྐྱེན་ལམ་དུ་སོང་ཡོད་པ་རེད།
དེ་བཞིན་ཕྱི་ཚེས་ད ༤ ཉིན་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱ་ཡུལ་གྲུ་ཁག་ནས་ཕེབས་པའི་བོད་མི་ཁག་ཅིག་ལ་མཇལ་ཁ་བསྩལ་གནང་མཛད་སྐབས། དེང་སྐབས་འཛམ་གླིང་འདིའི་སྟེང་བོད་ཀྱི་ཆོས་དང་རིག་གཞུང་ལ་དོ་སྣང་གསར་པ་ཞིག་སླེབས་བཞིན་ཡོད་པ་དང་། ལྷག་པར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ས་ཕྱོགས་གང་ས་ནས་དོ་སྣང་དང་མོས་གུས་ཞུ་བཞིན་པ་དེ་དག་གི་ཐོག་ནས་སེམས་ནང་བོད་པ་ཡིན་པའི་སྤོབས་པ་དང་། སེམས་པ་བཟང་པོ་བྱ་དགོས་པའི་ལམ་སྟོན་བཀའ་སློབ་སྩལ་ཡོད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུ་བར་བཅར་མཁན་བོད་མི་དང་ཕྱི་རྒྱལ་བའི་དད་ལྡན་ཚོ་ཁག་ཅིག་བྱུང་ཡོད་པའི་ཁོངས། ཀཿ་ཐོག་རྒྱ་ཤོད་སྐྱབས་སྤྲུལ་རིན་པོ་ཆེས་དབུས་ཨ་རི། མ་ལེ་ཤི་ཡ་དང་ཁེ་ན་ཌ་བཅས་ནས་ཕེབས་པའི་དགོན་པའི་སྦྱིན་བདག་ཁག་གཅིག་ལ་ཡང་མཇལ་ཁ་སྩལ་ཡོད་པ་རེད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་གཉིས་ཉམས་ལེན་བྱ་དགོས་་གལ་ཆེ་བའི་སྐོར་བཀའ་སྩལ་ཡོད་པ་ཀཿ་ཐོག་རྒྱ་ཤོད་སྐྱབས་སྤྲུལ་རིན་པོ་ཆེ་མཆོག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
རིན་པོ་ཆེ་མཆོག་གིས། ད་རེས་གཙོ་བོ་ཁམས་ཀཿ་ཐོག་བོད་མིའི་གཞིས་ཆགས་དང་འཕགས་ཡུལ་རྙིང་མ་ཀཿ་ཐོག་དགོན་པ་གཉིས་ཀྱིས་ཉིན་གྲངས་ ༢༥ རིང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་༧སྐུ་ཚེའི་ཚེ་སྒྲུབ་ཞུས་ཡོད་པ་བཞིན་འདིའི་སྔོན་འགྲོའི་ཚུལ་དུ་ད་རེས་དགོན་པའི་སྦྱིན་བདག་ཁག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་པ་ཞིག་ཡིན་པ་འགྲེལ་བརྗོད་གནང་བྱུང་།
དེའི་ཁོངས་ཨ་རི་ནས་ཕེབས་པའི་མཇལ་བཅར་བ་ (Mai Thanh ) ལགས་ཀྱིས།
ཁོང་༧གོང་ས་༧སྐྱབས་མགོན་ཆེན་པོའི་མཇལ་ཁ་ཞུས་པ་ཐེངས་གསུམ་པ་དེ་ཆགས་ཀྱི་འདུག་ཀྱང་། ཁོང་གི་ནང་མི་དང་གྲོགས་པོ་མང་པོ་ཞིག་ད་རེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་རྒྱུ་བྱུང་པ་ཐེངས་དང་པོ་ཆགས་ཀྱི་ཡོད་སྟབས། ཁོང་ཚོ་ཚང་མར་ད་རེས་འདི་གར་སླེབས་ཐུབ་པ་ཙམ་གྱིས་དད་གུས་དང་སྦྱིན་རླབས་ཆེན་པོ་ཐོབ་སོང་ལ། ༧གོང་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་གཙོ་བོར་ཕྱི་དངོས་པོར་ཆགས་ཞེན་དང་བདག་འཛིན་རིགས་སྤོང་ནས་ནང་ཆོས་ལ་སློབ་སྦྱོང་བྱ་དགོས་པའི་ལམ་སྟོན་བཀའ་གནང་སོང་ཞེས་གསུངས་ཀྱི་འདུག།
གསར་འགོད་པ། པ་སངས་ཚེ་རིང་། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།