༧གོང་ས་མཆོག་གི་འཁྲུངས་སྐར་ཉིན་མོ་དེ་རྒྱལ་སྤྱིའི་བྱམས་བརྩེའི་ཉིན་མོར་སྲུང་བརྩི་གནང་རྒྱུ་ཡིན་འདུག

ཨེ་ཤེ་ཡའི་ནང་པའི་ཞི་བདེ་ལྷན་ཚོགས་ཐོག་སྤྱི་ནོར་༧གོང་ས་མཆོག་གི་འཁྲུངས་སྐར་ཉིན་མོ་དེ་རྒྱལ་སྤྱིའི་བྱམས་བརྩེའི་ཉིན་མོར་སྲུང་བརྩི་གནང་རྒྱུ་གཏན་འཁེལ་འདུག

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག ༢༠༢༤ OHHDL

སྤྱི་ཟླ་༦པའི་ཚེས་༢༨ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཨེ་ཤེ་ཡའི་ནང་པའི་ཞི་བདེ་ལྷན་ཚོགས་(12th General Assembly of the Asian Buddhist Conference for Peace)་ཐེངས་༡༢པའི་ཐོག སྤྱི་ནོར་༧གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་འཛམ་གླིང་ཞི་བདེ་ལ་ཞབས་འདེགས་བླ་ན་མེད་པ་ཞུས་ཡོད་པར་མོས་མཐུན་དང་མཉམ། ལྷན་ཚོགས་ཐོག་ཚོགས་མི་ཡོངས་སྤྱི་མོས་ཀྱིས་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན་མོ་དེ་སྤྱི་ཟླ་༧པའི་ཚེས་༦་ཉིན་དེ་བཞིན་རྒྱལ་སྤྱིའི་བྱམས་བརྩེའི་ཉིན་མོར་སྲུང་བརྩི་གནང་རྒྱུ་གསལ་བསྒྲགས་གནང་འདུག
རྒྱ་གར་(Arunachal Pradesh)་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པད་མ་མཁའ་འགྲོ་(Pema Khando)་ལགས་ཀྱིས་ཨེ་ཤེ་ཡའི་ནང་པའི་ཞི་བདེ་ལྷན་ཚོགས་ཐོག་སྤྱི་མོས་ཀྱིས་སྤྱི་ནོར༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཞི་བདེ་ལ་ཞབས་འདེགས་བླ་ན་མེད་པ་ཞུས་ཡོད་པར་ངོས་འཛིན་དང་མཉམ། སྐུའི་འཁྲུངས་སྐར་ཉིན་དེ་བཞིན་རྒྱལ་སྤྱིའི་བྱམས་བརྩེའི་ཉིན་མོ་སྲུང་བརྩི་གནང་རྒྱུར་དགའ་བསུ་དང་སྦྲགས་དེ་ནི་སྤོབ་པ་བྱེད་དགོས་པའི་དུས་ཚིགས་ཤིག་ཡིན་པ་ཁོང་གི་སྤྱི་ཚོགས་དྲྭ་རྒྱ་(x)་ནང་གསལ་སྟོན་གནང་འདུག

ཁོང་གིས་ད་དུང་༧གོང་ས་མཆོག་གི་བཀའ་ཆོས་དང་། སེམས་ཅན་ཐམས་ཅད་ལ་བཅིངས་པའི་མགོན་པོ་མཆོག་གི་སྙིང་རྗེ་དང་གཞན་ཤེས་ཀྱིས་མི་གྲངས་མེད ཀྱི་མི་ཚེ་ལ་འགྱུར་བ་བཏང་ཡོད་པ་དང་། དེ་བཞིན་༧གོང་ས་མཆོག་གི་ཞི་བདེ་དང་། བྱམས་བརྩེ། ཤེས་རབ་བཅས་ཀྱིས་ང་ཚོར་མུ་མཐུད་ནས་ལམ་སྟོན་གནང་གྱི་ཡོད་པ་རེད་ཅེས་བྲིས་འདུག

གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org