༧གོང་ས་མཆོག་གིས་ལྡི་ལིའི་སྤྱི་ཁྱབ་བློན་ཆེན་ལ་དགའ་བསུའི་འཚམས་འཕྲིན་སྩལ།
བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་མཆོག་གིས་ལྡི་ལིའི་སྤྱི་ཁྱབ་བློན་ཆེན་བསྐྱར་འདེམས་བྱུང་བ་སྐུ་ཞབས་(Arvind Kejriwal)་ལ་དགའ་བསུའི་འཚམས་འཕྲིན་སྩལ་གནང་འདུག
-
2020-02-12 -
-
-
བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་མཆོག་གིས་ལྡི་ལིའི་སྤྱི་ཁྱབ་བློན་ཆེན་བསྐྱར་འདེམས་བྱུང་བ་སྐུ་ཞབས་(Arvind Kejriwal)་ལ་དགའ་བསུའི་འཚམས་འཕྲིན་སྩལ་གནང་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལྡི་ལིའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་(Arvind Kejriwal)་མཆོག་གིས་དབུ་ཁྲིད་པའི་ (Aam Aadmi)་ཞེས་པའི་མི་དམངས་དཀྱུས་མའི་ཚོགས་པར་མངའ་སྡེའི་འོས་བསྡུའི་ནང་ཚད་མཐོ་པོའི་རྒྱལ་ཁ་ཐོབ་པར་འཚམས་འདྲི་གནང་ཡོད་འདུག
དེ་ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་འཚམས་འཕྲིན་གྱི་ནང་། སྐུ་ཉིད་ཀྱི་དབུ་ཁྲིད་ལམ་སྟོན་འོག་ལྡི་ལི་མི་དམངས་ཚོར་མུ་མཐུད་དུ་ཕན་ཐོགས་བྱུང་བཞིན་ཡོད། ཕྱི་ལོ་༢༠༡༨་ལོར་བློན་ཆེན་ཁྱེད་དང་ཁྱེད་ཀྱིས་དབུ་ཁྲིད་པའི་སྲིད་གཞུང་གིས་ལྡི་ལི་མངའ་སྡེའི་གཞུང་གི་སློབ་གྲྭ་ཁག་གི་ནང་དུ་བདེ་སྐྱིད་སྐྲུན་ཐབས་(Happiness Curriculum)་ཞེས་པའི་སློབ་ཚན་ཞིག་གཏན་འབེབས་གནང་ཡོད། འགྲོ་བ་མིའི་རིགས་ཀྱི་ལྷན་སྐྱེས་ཀྱི་བཟང་པོའི་རིན་ཐང་དེ་དག་གོང་མཐོར་བཏང་བ་བརྒྱུད། བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་ཐབས་བྱེད་པ་དེར་ངོས་ཀྱིས་སྙིང་ཐག་པ་ནས་ཡི་རང་བསྔགས་བརྗོད་རྒྱ་ཆེ་ཞུས་དང་ཞུ་མུས་ཡིན། རིན་ཐང་དེ་དག་ཕྲུ་གུའི་རྒྱུད་ལ་འཇགས་པ་དེས་ཕྲུ་གུའི་ཁྱོན་ཡོངས་ཀྱི་ཤེས་ཡོན་ལ་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཆེན་པོ་འབྱུང་ངེས་པ་མ་ཟད། དབུལ་ཕོངས་ཉམ་ཐག་ཚོར་ཡང་དཀའ་ངལ་ལ་གདོང་ལེན་བྱས་ནས་ཡར་རྒྱས་ཀྱི་འཚོ་ཐབས་ལ་གདེང་སྤོབས་ཆེན་པོས་འབད་འབུངས་བྱ་རྒྱུར་ཕན་ཐོགས་བྱེད་ཐུབ། ངོས་ཀྱིས་འགྲོ་བ་མིའི་བཟང་པོའི་རིན་ཐང་དང་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུ་ཙམ་མ་ཟད། རྒྱ་གར་གྱི་གནའ་རབས་སྲོལ་རྒྱུན་ནས་དར་འཕེལ་བྱུང་བའི་བློའི་རྣམ་གཞག་དང་བྱེད་ལས་སྐོར་གྱི་ལེགས་བཤད་དེ་དག་རྒྱ་གར་ནང་བསྐྱར་གསོ་ཡོང་སླད་ཆོད་སེམས་བརྟན་པོས་འབད་བརྩོན་བྱེད་བཞིན་ཡོད། དེར་བརྟེན་ལྡི་ལི་གཞུང་གིས་སློབ་གྲྭའི་སློབ་ཚན་ནང་དུ་སེམས་རྒྱུད་ཇེ་བཟང་དུ་གཏོང་ཐབས་ཀྱི་སློབ་ཚན་བཞག་པ་དེར་ངོས་ཀྱིས་ཡི་རང་བསྔགས་བརྗོད་ཞུ་བཞིན་ཡོད། ལས་འགུལ་དེས་རྒྱ་གར་ས་གནས་གཞན་ལའང་མིག་དཔེ་བཟང་པོ་ཞིག་སྟོན་བཞིན་ཡོད། ཅེས་སོགས་འཁོད་འདུག
མཐའ་མཇུག་ཏུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལྡི་ལིའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ (Arvind Kejriwal)་མཆོག་གི་ལས་དོན་གང་ཅིར་བྱ་བ་ལམ་ལྷོང་ཡོང་བའི་ཐུགས་སྨོན་ཡང་གནང་འདུག
ཡང་ལྡི་ལི་མངའ་སྡེའི་གྲོས་ཚོགས་ཀྱི་འོས་བསྡུའི་རྒྱལ་ཁ་མང་མོས་ཐོག་སྐུ་ཞབས་(Arvind Kejriwal)་མཆོག་གིས་སྣེ་ཁྲིད་པའི་(Aam Aadmi Party)་འམ་མི་དམངས་དཀྱུས་མའི་ཚོགས་པར་ཐོབ་པར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཀྱང་འཚམས་འདྲི་གནང་ཡོད།